ཟླ4པའི་ཚེས་20ཉིན། དབྱི་རག་ནང་སྲིད་པུའུ་དང་དམག་ཕྱོགས་ཀྱི་གནས་ཚུལ་སྤེལ་མཁན་གྱིས་བཤད་རྒྱུར། དབྱི་རག་གི་ཡུལ་དམག་དྲག་ཆས་ཀྱི“མི་དམངས་སྐུལ་སློང་རྩ་འཛུགས”བཅའ་སྡོད་བྱས་པའི་དམག་དོན་རྟེན་གཞི་ཞིག་ལ་མཚན་གང་བོར་འཇབ་རྒོལ་བྱས་ཏེ། མི་གཅིག་བསད་པ་དང་མི་རེ་འགར་རྨས་སྐྱོན་བཟོས་ཡོད་ཟེར། དབྱི་སི་རལ་དང་ཨ་མེ་རི་ཁས་ཐེངས་འདིའི་འཇབ་རྒོལ་བསླངས་པ་ཁས་མ་བླངས།
ཧྥ་རན་སི་གསར་འགྱུར་ཁང་གིས་མིང་ཡོངས་བསྒྲགས་བྱེད་འདོད་མེད་པའི་དབྱི་རག་ནང་སྲིད་པུའུ་ཡི་དཔོན་རིགས་དང་དམག་ཕྱོགས་མི་སྣའི་བཤད་སྟངས་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་འཇབ་རྒོལ་དེ་དབྱི་རག་གི་རྒྱལ་ས་པཱ་ཀི་ཏའི་ལྷོ་ཕྱོགས་ཀྱི་པཱ་པིས་ལུན་ཞིང་ཆེན་གྱི་ཁཱ་ལེ་སུའུ་དམག་དོན་རྟེན་གཞིར་བྱུང་བ་དང་། རྟེན་གཞི་དེ་གར“མི་དམངས་སྐུལ་སློང་རྩ་འཛུགས”ཀྱི་ཁོངས་མི་བཅའ་སྡོད་བྱས་ཡོད་ཟེར།
ནང་སྲིད་པུའུ་ཡི་དཔོན་རིགས་ཀྱིས་བཤད་རྒྱུར། ཐེངས་འདིའི་འཇབ་རྒོལ་ཁྲོད་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི8ལ་རྨས་སྐྱོན་བཟོས་ཡོད་ཟེར། དམག་ཕྱོགས་ཀྱི་མི་སྣས་བཤད་རྒྱུར། འབར་གས་ཀྱིས་སྒྲིག་ཆས་དང་མཚོན་ཆ། རླངས་འཁོར་བཅས་ལ་གཏོར་སྐྱོན་བཟོས་ཡོད་པ་དང་། དབྱི་རག་གི་དམག་དོན་མི་སྣ3འཇབ་རྒོལ་ཁྲོད་རྨས་སྐྱོན་བཟོས་ཡོད་ཅིང་། འབར་གས་ལས་བྱུང་བའི་མེ་ཆེན་སྔར་ལྟར་མཆེད་བཞིན་ཡོད་པ་དང་རྨས་མ་སྔར་བཞིན་འཚོལ་སྐྱོབ་བྱེད་ཀྱིན་ཡོད་ཟེར།
“མི་དམངས་སྐུལ་སློང་རྩ་འཛུགས”ཀྱིས་གསལ་བསྒྲགས་ཤིག་གི་ནང་དུ། ཁཱ་ལེ་སུའུ་རྟེན་གཞིའི་བཀོད་འདོམས་པུའུ་རུ་འབར་གས་བྱུང་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་བཟོད་ཡོད་ནའང་། རྨས་སྐྱོན་ཕོག་པའི་མི་གྲངས་ད་དུང་གསལ་བོ་བྱས་མེད་པ་བདེན་དཔང་བྱས། བརྟག་དཔྱད་མི་སྣ་ཡུལ་དངོས་ལ་མངགས་ཟིན་ཟེར།
ཐེངས་འདིའི་འཇབ་རྒོལ་སུས་བསླངས་པ་ད་དུང་ཤེས་མེད། དབྱི་སི་རལ་དམག་ཕྱོགས་ཀྱིས་ཧྥ་རན་སི་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། “ཕྱི་རྒྱལ་སྨྱན་བྱད་ཀྱིས་སྤེལ་བའི་ཆ་འཕྲིན་ལ་དཔྱད་བརྗོད་མི་བྱེད”ཅེས་བཤད་ཡོད་ནའང་། འཇབ་རྒོལ་བྱུང་རྗེས་དབྱི་སི་རལ་གྱི་དཔོན་རིགས་ཤིག་གིས་ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་གསར་འགོད་པར་དབྱི་སི་རལ་དེའི་ནང་ཞུགས་མེད་ཅེས་བཤད།
དོན་རྐྱེན་བྱུང་ནས་ཅང་མ་འགོར་བར། ཨ་མེ་རི་ཁས་གཙོ་ཁྲིད་བྱེད་ཀྱིན་པའི་རྒྱལ་ཁབ་མང་པོའི་མནའ་འབྲེལ་གྱིས་གསལ་བསྒྲགས་ནང་དབྱི་རག་ཏུ་འཇབ་རྒོལ་བྱས་མེད་ཅེས་འཁོད་ཡོད།
ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་གནས་ཚུལ་སྤེལ་བ་ལྟར་ན། གསར་ལམ་ཁ་ཤས་ཀྱི་སྟེང་དུ་ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་ལ་མཁའ་རྒོལ་བྱས་ཡོད་ཅེས་འཁོད་ཡོད་ནའང་། གནས་ཚུལ་དེ་དག་ནི་དོན་དངོས་དང་མི་མཐུན་ཞིང་། ཨ་མེ་རི་ཁས་དེ་རིང་དབྱི་རག་ལ་བར་སྣང་ནས་འཇབ་རྒོལ་བྱས་མེད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།