ཐུར་ཁེའི་ཙུང་ཐུང་གིས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མྱུར་དུ་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.04.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱིས་ཚེས20ཉིན་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མྱུར་དུ་མཚམས་འཇོག་པ་མངོན་འགྱུར་བྱས་ཏེ། ད་ལྟ་འབྱུང་བཞིན་པའི་དྲག་སྤྱོད་གཏན་འགོག་བྱེད་པའི་འབོད་སྐུལ་བཏང་།

ཨེ་ཨར་ཏོན་ཨན་གྱིས་ཉིན་དེར་ཐུར་ཁེའི་དབྱི་སི་ཐན་པུའུ་ཨར་མཱ་པ་ཧི་ཆེ་ཕོ་བྲང་གི་ཙུང་ཐུང་བཞུགས་ཤག་གཞུང་སྒྲུབ་ཁང་དུ་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧ་མ་སའི་ཆབ་སྲིད་ཅུའུ་ཡི་མགོ་ཁྲིད་པ་ཧ་ནིས་ཡ་དང་ཐུག་འཕྲད་བྱས། ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གསར་འགྱུར་ཅུའུ་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་གནས་ཚུལ་བཀོད་ནས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་བཀག་འགོག་ཅི་ཡང་མེད་པའི་གནས་ཚུལ་འོག་ཅ་ཧྲ་ས་ཁུལ་དུ་རྒྱུན་མཐུད་རང་བཞིན་གྱི་མི་ཆོས་རོགས་སྐྱོབ་འདོན་སྤྲོད་བྱེད་པའི་དགོས་ངེས་རང་བཞིན་དང་། ས་ཁུལ་འདྲ་མཉམ་མངོན་འགྱུར་དང་ཡུན་གཏན་ཞི་བདེའི་འཕེལ་རིམ་སོགས་ཀྱི་གནད་དོན་ལ་གྲོས་སྡུར་བྱས།

ཨེ་ཨར་ཏོན་ཨན་གྱིས་བཤད་རྒྱུར། མིག་སྔར་ཐུར་ཁེ་ཡིས་ཅ་ཧྲ་ས་ཁུལ་དུ་ཏུན་ཁྲི་བཞི་དང་སྟོང་ལྔ་ལས་བརྒལ་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་འདོན་སྤྲོད་བྱས་ཡོད་ཟེར། ཐུར་ཁེ་ཡིས་ཕྱི་འབྲེལ་ལ་བརྟེན་པ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་ནམ་ཡང་ཕ་ལེ་སི་ཐན་གྱི་མིས་གཉའ་གནོན་མྱོང་བར་སེམས་ཁུར་བྱེད་ཆེད་འབད་པ་བྱེད་རྒྱུ་ཡིན་ལ། གོ་སྐབས་གང་རུང་བེད་སྤྱད་ནས་དྲག་སྤྱོད་མཇུག་སྒྲིལ་བ་དང་དམག་འཁྲུག་མྱུར་དུ་མཚམས་འཇོག་པའི་དགོས་གལ་རང་བཞིན་ནན་བཤད་བྱ་རྒྱུ་ཡིན་ཟེར།

གཞན་ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨེ་ཨར་ཏོན་ཨན་གྱིས་ཉིན་དེར་ད་དུང་ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལིས་ལ་ཐུག་འཕྲད་བྱས་ཤིང་། ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། ཕ་ལེ་སི་ཐན་དང་དབྱི་སི་རལ། དབྱི་རག་དང་དབྱི་སི་རལ་བཅས་ཀྱི་དམག་འཁྲུག་ཐད་བསམ་ཚུལ་བརྗེ་རེས་བྱས། ཨེ་ཨར་ཏོན་ཨན་གྱིས་ཡང་བསྐྱར་ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་མྱུར་དུ་མཚམས་འཇོག་པ་མངོན་འགྱུར་བྱེད་པ་དང་ས་ཁུལ་དེར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མུ་མཐུད་འདོན་སྤྲོད་བྱེད་པའི་དགོས་གལ་རང་བཞིན་གླེང་བ་དང་། ཁོས་ས་ཁུལ་གྱི་ཛ་དྲག་གནས་བབ་དང་འགལ་ཟླ་ཇེ་མང་དུ་འགྲོ་བའི་ཉེན་ཁ་ཡོད་པ་དང་། དབྱི་རག་དང་དབྱི་སི་རལ་གྱི་འགོག་རྒོལ་སེལ་ཐུབ་བྱེད་པའི་དགོས་གལ་རང་བཞིན་ནན་བཤད་བྱས་ནས་ས་ཁུལ་ཧྲིལ་བོ་འགལ་ཟླའི་རྐྱེན་ངན་དུ་ཚུད་པའི་ཉེན་ཁ་བཀག་འགོག་བྱེད་དགོས་པའི་ཚུལ་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།