དབྱི་སི་རལ་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་ཕ་ལེ་སི་ཐན་གྱི་མི་བཅུ་གསུམ་བསད།
2024.04.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཕ་ལེ་སི་ཐན་འཕྲོད་བསྟེན་སྡེ་ཁག་གིས་ཚེས20ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་ཚེས18ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྲོང་ཁྱེར་ཐུའུ་ལི་ཁེའར་མུའུ་རུ་འཛུལ་ནས་དམག་དོན་འགུལ་སྐྱོད་སྤེལ་བའི་ཚུན་དུ་ཕ་ལེ་སི་ཐན་གྱི་མི་བཅུ་གསུམ་བསད་ཡོད་ཟེར།

ཕ་ལེ་སི་ཐན་བདེ་འཇགས་སྡེ་ཁག་གི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཚེས20ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་དམག་དཔུང་ཁ་ཤས་ཐུའུ་ལི་ཁེའར་མུའུ་ནས་ཕྱིར་འཐེན་བྱས་རྗེས། རོགས་སྐྱོབ་མི་སྣ་ཡུལ་དངོས་སུ་སོང་བ་ཡིན་ལ། མིག་སྔར་མི་བཅུ་གསུམ་བསད་པ་ཤེས་རྟོགས་བྱུང་བ་དང་དེ་དག་ས་གནས་སྨན་ཁང་དུ་བསྐྱལ་ཡོད་ཟེར།

ཕ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་བཤད་རྒྱུར། ཚེས18ཉིན་ནས་དབྱི་སི་རལ་གྱི་དམག་དཔུང་གིས་ཐུའུ་ལི་ཁེའར་མུའུ་ནས་དམག་དོན་འགུལ་སྐྱོད་སྤེལ་བ་དང་ས་གནས་དེའི་ཕ་ལེ་སི་ཐན་དྲག་ཆས་མི་སྣའི་བར་འགལ་ཟླ་བྱུང་བ་དང་། འགལ་ཟླའི་སྐབས་སུ་དབྱི་སི་རལ་གྱི་དམག་དཔུང་གིས་རོགས་སྐྱོབ་མི་སྣ་ཡུལ་དངོས་སུ་སོང་ནས་རྨས་མ་སྐྱོབ་བཅོས་བྱེད་པར་བཀག་འགོག་བྱས་ཟེར།

གཞན་དབྱི་སི་རལ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་འགུལ་སྐྱོད་སྤེལ་སྐབས་ཐེངས་མང་པོར་ཕ་ལེ་སི་ཐན་དྲག་ཆས་མི་སྣས་འཇབ་རྒོལ་ཐེབས་པ་དང་། ཉུང་མཐར་ཡང་དབྱི་སི་རལ་གྱི་དམག་མི་དགུ་ལ་རྨས་ཕོག་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།