ཧན་གོས་འཇར་པན་གྱི་ཆབ་སྲིད་མགོ་ཁྲིད་པས་ཅིན་གོ་ལྷ་ཁང་དུ་མཆོད་རྫས་ཕུལ་བའི་ཐད་ནས་ཕངས་སེམས་སྐྱེས་པའི་ཚུལ་བསྟན།
2024.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཧན་གོའི་ཕྱི་འབྲེལ་པུའུ་ཡི་མགྲིནཚབ་པས་ཚེས་ཉེར་གཅིག་ཉིན་དཔྱད་བརྗོད་སྤེལ་ཏེ། ཧན་གོ་ཕྱོགས་ཀྱིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་སོགས་ཆབ་སྲིད་ལས་རིགས་ཀྱི་མཐོ་རིམ་དཔོན་པོས་ཅིན་གོ་ལྷ་ཁང་ལ་མཆོད་རྫས་ཕུལ་བར་ཕངས་སེམས་སྐྱེས་པའི་ཚུལ་བསྟན་ཡོད་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། ཅིན་གོ་ལྷ་ཁང་གིས་འཇར་པན་གྱི་འདས་པའི་བཙན་འཛུལ་འཐབ་འཁྲུག་གི་ལོ་རྒྱུས་ཡག་བསྒྱུར་བྱས་ཡོད་པ་དང་འཐབ་འཁྲུག་ཉེས་ཅན་ལ་མཆོད་འབུལ་བྱས་ཡོད། འཇར་པན་གྱི་ཆབ་སྲིད་ལས་རིགས་ཀྱི་མཐོ་རིམ་མགོ་ཁྲིད་པས་ཡང་བསྐྱར་མཆོད་རྫས་ཕུལ་བ་དང་མཇལ་ཕྱག་བྱས་པར་ཧན་གོ་ཕྱོགས་ཀྱིས་ཕངས་སེམས་སྐྱེས་པའི་ཚུལ་བསྟན་ཡོད། ཧན་གོ་ཕྱོགས་ཀྱིས་འཇར་པན་གྱིས་འགན་ཁུར་བའི་རྣམ་འགྱུར་གྱིས་ལོ་རྒྱུས་ལ་གདོང་གཏོད་པ་དང་། དོན་དངོས་འགུལ་སྐྱོད་ལས་ལོ་རྒྱུས་ལ་འགྱོད་བཤགས་བྱེད་པའི་དམ་བཅའ་མངོན་པར་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། དེ་ནི་མ་འོངས་པར་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་གལ་ཆེན་ཡིན་པ་བསྐྱར་སྒྲོག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།