ཉིས་སྟོང་ཉེར་བཞི་ལོའི་འཛམ་གླིང་ན་གཞོན་བྱིས་པའི་འཕེལ་རྒྱས་གླེང་སྟེགས་ཀོང་ཀྲོའུ་ནས་སྤེལ་མགོ་བརྩམས།
2024.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཉིས་སྟོང་ཉེར་བཞི་ལོའི་འཛམ་གླིང་ན་གཞོན་བྱིས་པའི་འཕེལ་རྒྱས་གླེང་སྟེགས་ཚེས་ཉེར་གཅིག་ཉིན་ཀོང་ཏུང་ཀོང་ཀྲོའུ་ནས་སྤེལ་མགོ་བརྩམས། ཐེངས་འདིའི་གླེང་སྟེགས་ཀྱིས་ང་ཚོ་ཚན་རིག་ལ་དགའ་ཞེས་པ་བརྗོད་སྙིང་དུ་བཟུང་ཡོད་ཅིང་། དམིགས་ཡུལ་ནི་རྒྱལ་ཁབ་སོ་སོའི་ན་གཞོན་བྱིས་པའི་རྩ་འཛུགས་དང་ན་གཞོན་བྱིས་པའི་འཐུས་མིའི་མཛའ་མཐུན་བརྗེ་རེས་འགྲོ་འོང་བྱེད་པའི་སྟེགས་བུ་གལ་ཆེན་བཙུགས་ནས། ལག་རྡང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་རེད། རྒྱལ་ཁབ་བཞི་བཅུ་ལྷག་ནས་ཡོང་བའི་ན་གཞོན་བྱིས་པའི་འཐུས་མི་བརྒྱ་དང་དགུ་བཅུ་ལྷག་དང་། དེ་མིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གཞུང་ཚབ་འཐུས་མི། ན་གཞོན་བྱིས་པའི་རྩ་འཛུགས་ཀྱི་འགན་ཁུར་བ། ན་གཞོན་བྱས་པའི་པར་སྐྲུན་ལས་ཁུངས་ཀྱི་འགན་ཁུར་བ། མིང་གྲགས་ཆེ་བའི་ཆེད་མཁས་པ་སོགས་གླེང་སྟེགས་ལ་ཞུགས།

གུང་གཞོན་ཚོགས་པ་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ་ཨ་ཏུང་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཐེངས་འདིའི་གླེང་སྟེགས་ཀྱི་དམིགས་ཡུལ་ནི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ན་གཞོན་བྱིས་པའི་རྩ་འཛུགས་དང་ལས་ཁུངས་ཀྱི་འགྲོ་འོང་མཉམ་ལས་ལ་ཤུགས་སྣོན་བྱས་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་ན་གཞོན་བྱིས་པའི་མཛའ་མཐུན་བརྗེ་རེས་ལ་སྐུལ་འདེད་གཏོང་ཆེད་ཡིན་ཟེར། ཁོས་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་བྱིས་པ་གཙོར་འཛིན་གྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། ཉམས་མྱོང་བཟང་བོ་མཉམ་སྤྱོད་དང་མཉམ་ལས་བར་སྟོང་རྒྱ་བསྐྱེད་དགོས་པ་དང་། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ཚན་རིག་པ་དག་ན་གཞོན་བྱིས་པའི་ཚན་རིག་སློབ་གསོ་ནང་ཞུགས་ནས་ཚན་རིག་ཤེས་བྱ་རྒྱ་ཆེར་དྲིལ་སྒྲོག་དང་ཚན་རིག་སྙིང་སྟོབས་དར་སྤེལ་བྱེད་པའི་གྲོས་མགོ་འདོན་དགོས་པར་མ་ཟད། ཀྲུང་ཕྱིའི་ན་གཞོན་བྱིས་པས་ཕན་ཚུན་སློབ་སྦྱོང་དང་རྒྱུས་ལོན་ཇེ་དྲག་ཏུ་གཏོང་བ་དང་། མཛའ་བརྩེ་ལྡན་པའི་སྒོ་ནས་མཉམ་དུ་མཚར་ལོངས་འབྱུང་བར་བྱས་ཏེ། མིའི་རིགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་བསྐྲུན་བྱེད་པའི་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཨེ་ཤ་ཡཱ་ཤར་མའི་སྡེ་ཁག་མང་བོའི་ས་ཁུལ་དོན་གཅོད་ཁང་གི་ཀྲུའུ་རིན་ཞཱ་ཙེ་ཧན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ཚོགས་པས་ཐེངས་འདིའི་གླེང་སྟེགས་གཙོ་སྒྲུབ་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། ན་གཞོན་རབས་ཀྱི་ཚན་རིག་གི་དགའ་མོས་དང་རྩལ་ནུས་མཐོར་འདེགས་གཏོང་བའི་གྲོས་མགོ་བཏོན་ཡོད་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་མཉམ་དུ་བྱིས་པའི་ཚན་རིག་གི་ཕུགས་འདུན་སྐུལ་སྤེལ་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།

རྒྱལ་སྤྱིའི་བྱིས་པའི་ཀློག་དེབ་མནའ་འབྲེལ་གྱི་ཀྲུའུ་ཞི་ཝ་ཏའེ་ཨར་གྱིས་བསྟན་དོན། རྒྱལ་སྤྱིའི་བྱིས་པའི་ཀློག་དེབ་མནའ་འབྲེལ་གྱི་འགན་འཁྲི་ནི་བྱིས་པ་དང་དཔེ་ཆ་གཅིག་ཏུ་སྦྲེལ་ནས། གྲོས་འདོན་དང་བྱ་འགུལ་མང་བོར་བརྟེན་ནས་ལྟ་ཀློག་ལ་སྐུལ་འདེད་བཏང་སྟེ། ཧུར་ཐག་སྒོས་ན་གཞོན་ལོ་ཆུང་ལ་ཀློག་དེབ་ཆེས་བཟང་བོ་པར་སྐྲུན་བྱེད་རྒྱུ་དེ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། གླེང་སྟེགས་ནས་བརྗེ་རེས་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་དང་། ཀྲུང་ཕྱིའི་ན་གཞོན་བྱིས་པའི་འཐུས་མི་དག་ན་གཞོན་བྱིས་པའི་ཚན་རྩལ་ཁྱབ་གདལ་གྱི་ལྟ་ཀློག་གླེང་སྟེགས་དང་ང་ཚོ་ཚན་རིག་ལ་དགའ་ཞེས་པའི་གཏམ་རྒྱུད་བཤད་པ། ན་གཞོན་བྱིས་པའི་ཚན་རིག་ཡོངས་བསྒྲགས་སློབ་ཁྲིད། རྟེན་མཛོད་ཁང་གི་ངོ་མཚར་གྱི་མཚན་མོ། མ་འོངས་པའི་གྲོང་ཁྱེར་སོགས་ཀྱི་བརྗོད་དོན་བྱ་འགུལ་ལ་ཞུགས་རྒྱུ་རེད།

ཐེངས་འདིའི་གླེང་སྟེགས་ནི་ཀྲུང་ཧྭ་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ཚོགས་པས་གཙོ་སྒྲུབ་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་རྒྱབ་སྐྱོར་བྱས་ཡོད་ལ། ཀྲུང་གོའི་ན་གཞོན་བྱིས་པའི་གསར་འགྱུར་པར་སྐྲུན་སྤྱི་ཁྱབ་ཁང་དང་། ཀོང་ཏུང་ཞིང་ཆེན་ན་གཞོན་མཉམ་འབྲེལ་ཚོགས་པ། ཀོང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཀྲུའུ་ཧེ་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཀོང་ཀྲོའུ་གྲོང་ཁྱེར་ན་གཞོན་མཉམ་འབྲེལ་ཚོགས་པ། ཀྲུའུ་ཧེ་གྲོང་ཁྱེར་ན་གཞོན་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་སྒྲུབ་འགན་ཁུར་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།