ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཕོ་ལན་མངའ་ཁོངས་སུ་བྱུང་བའི་ཨ་མེ་རི་ཁའི་ཉིང་རྡུལ་མཚོན་ཆ་དེ་ཨུ་རུ་སིས་ཆམ་ཕབ་གཏོང་བའི་ལུགས་མཐུན་དམིགས་འབེན་དུ་འགྱུར་སྲིད་པའི་ཚུལ་བསྟན།
2024.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། གལ་ཏེ་ཕོ་ལན་མངའ་ཁོངས་སུ་ཨ་མེ་རི་ཁའི་ཉིང་རྡུལ་མཚོན་ཆ་བྱུང་ན། འབྲེལ་ཡོད་སྒྲིག་ཆས་དེ་ཨུ་རུ་སིས་མྱུར་མོར་ཆམ་ཕབ་གཏོང་བའི་ལུགས་མཐུན་དམིགས་འབེན་གྱི་གྲས་སུ་འཇོག་སྲིད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཀྲ་ཧཱ་ལོ་ཝ་ཡིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་ཕོ་ལན་གྱིས་རྒྱལ་ཁབ་རང་གི་མངའ་ཁོངས་སུ་ཨ་མེ་རི་ཁའི་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་པར་གྲ་སྒྲིག་བྱས་ཡོད་པའི་སྐོར་གྱི་གཏམ་བཤད་ལ་དཔྱད་བརྗོད་སྤེལ་སྐབས་བཤད་རྒྱུར། དུས་ཡུན་རིང་བོར་ ཕོ་ལན་ཕྱོགས་ནམ་རྒྱུན་ཨ་མེ་རི་ཁས་ཨུ་རུ་སིར་སྤྱད་པའི་དགྲར་འཛིན་སྲིད་ཇུས་ནང་ཞུགས་ཡོད་པ་དང་། དཀྲུག་འཕེན་རང་བཞིན་གྱི་གཏམ་བཤད་དེ་འདྲ་མང་དུ་སྤེལ་མྱོང་ཟེར།

ཁོ་མོས་བཤད་རྒྱུར། ཕོ་ལན་ལ་མཚོན་ན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་གྱུར་བ་ཙམ་གྱིས་མི་ཆོག་པར། བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་ཉིང་རྡུལ་ལས་འགན་ཞེས་པའི་འཆར་གཞིར་རྒྱབ་སྐྱོར་བྱས་ནས་དེར་ཟབ་ཞུགས་བྱེད་བཞིན་ཡོད་ཟེར།

ཀྲ་ཧཱ་ལོ་ཝ་ཡིས་ནན་གྱིས་བསྟན་དོན། གལ་ཏེ་ཨ་མེ་རི་ཁའི་ཉིང་རྡུལ་མཚོན་ཆ་ཕོ་ལན་གྱི་མངའ་ཁོངས་ནས་བྱུང་ན། འབྲེལ་ཡོད་སྒྲིག་ཆས་དེ་ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་བར་ཐད་ཀར་དམག་དོན་འཁྲུག་རྩོད་བྱེད་སྐབས་སུ་ཆམ་ཕབ་གཏོང་སའི་ལུགས་མཐུན་དམིགས་འབེན་གྱི་གསལ་ཁྲའི་ནང་མྱུར་དུ་འཇོག་ངེས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།