དབྱི་སི་རལ་དམག་ཕྱོགས་ཀྱིས་བྱང་ཕྱོགས་ས་ཁུལ་དུ་མེ་ཤུགས་འཕུར་མདའ་སོ་ལྔའི་འཇབ་རྒོལ་ཐེབས་ཡོད་ཟེར།
2024.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་བྱང་ཕྱོགས་ཀྱི་སེ་ཧྥེ་ཏི་ཉེ་འདབས་སུ་ཉིན་དེར་ལེ་པཱ་ནུན་གྱི་ཕྱོགས་ནས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའ་སོ་ལྔའི་འཇབ་རྒོལ་ཐེབས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་དེའི་རྗེས་སུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱེད་སར་འཇབ་རྒོལ་བྱས་པ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་ཐེབས་སའི་ས་ཁུལ་དུ་མཁའ་སྲུང་ཉེན་བརྡ་གྲགས་པ་དང་། མིག་སྔར་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད། དབྱི་སི་རལ་གྱི་དམག་དཔུང་གིས་དེའི་རྗེས་སུ་ལེ་པཱ་ནུན་མངའ་ཁོངས་ཀྱི་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱེད་སར་འཇབ་རྒོལ་བྱས་པ་རེད། དེ་ལས་གཞན་དབྱི་སི་རལ་གྱི་དམག་དོན་འཐབ་འཛིང་གནམ་གྲུས་ཉིན་དེའི་སྔ་དྲོར་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་དམག་དོན་བཟོ་བཀོད་གཉིས་ལ་འགས་གཏོར་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།