ཧྥེ་ལེ་པེན་གྱི་བདེ་འཇགས་མི་སྣས་མེན་ལན་ལའོ་གླིང་ཕྲན་ནས་དྲག་ཆས་ཉེས་ཅན་བཅུ་གཉིས་བསད།
2024.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཧྥེ་ལེ་པེན་གྱི་བདེ་འཇགས་མི་སྣས་ཉིན་དེའི་ཞོགས་པར་ལྷོ་ཕྱོགས་ཀྱི་མེན་ལན་ལའོ་གླིང་ཕྲན་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་བར་འཁྲུག་རྩོད་བྱས་ཏེ། དྲག་ཆས་ཉེས་ཅན་བཅུ་གཉིས་བསད་ཡོད་ཟེར།

ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་བཤད་རྒྱུར། ཧྥེ་ལེ་པེན་གྱི་བདེ་འཇགས་མི་སྣས་ཚེས་ཉེར་གཉིས་ཉིན་ལྷོ་ཕྱོགས་ཀྱི་ མཱ་ཅིང་ཏཱ་ནོའུ་ལྷོ་མ་ཞིང་ཆེན་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་པང་སཱ་མའོ་ལོ་དབྱེ་སི་ལན་རང་དབང་འཐབ་མོ་བའི་རྩ་འཛུགས་བར་འཁྲུག་རྩོད་བྱས་ཏེ། དྲག་ཆས་ཉེས་ཅན་བཅུ་གཉིས་བསད་པ་དང་། དེའི་ནང་རྩ་འཛུགས་དེའི་ཧྥེ་ལེ་པེན་སྲིད་གཞུང་གིས་འཛིན་བཟུང་བྱེད་པའི་མགོ་བ་ཞིག་འདུས་ཡོད་ལ། བདེ་འཇགས་མི་སྣ་བདུན་ལ་འཁྲུག་རྩོད་ཁྲོད་རྨས་ཕོག་ཡོད་ཟེར།

པང་སཱ་མའོ་ལོ་དབྱེ་སི་ལན་རང་དབང་འཐབ་མོ་བའི་རྩ་འཛུགས་ནི་ཧྥེ་ལེ་པེན་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་གཙོ་བོ་ཞིག་ཡིན་ཞིང་། གཙོ་བོ་མེན་ལན་ལའོ་གླིང་ཕྲན་དུ་འགུལ་སྐྱོད་བྱེད་བཞིན་ཡོད་པ་དང་། རྩ་འཛུགས་དེས་སྔོན་ཆད་ཧྥེ་ལེ་པེན་སྲིད་གཞུང་དམག་དཔུང་ལ་འཇབ་རྒོལ་བྱས་པར་མ་ཟད་མི་སེར་དཀྱུས་མ་བཙན་ཁྲིད་བྱས་མྱོང་།


བསོད་ནམས་ཚེ་རིང་གིས་བསྒྱུར།