ཐུར་ཁེའི་ཙུང་ཐུང་གིས་དབྱི་རག་ཏུ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་མང་བོའི་མཉམ་ལས་ལ་སྐུལ་འདེད་བཏང་།
2024.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་ཙུང་ཐུང་ལཱ་ཞེ་ཏི་དང་ཙུང་ལི་སུའུ་ཏཱ་ནེ་གཉིས་ཀྱིས་ཚེས་ཉེར་གཉིས་ཉིན་རྒྱལ་ས་པཱ་ཀ་ཏཱ་ནས་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ལ་སོ་སོར་གྲོས་མོལ་བྱས། དབྱི་རག་དང་ཐུར་ཁེ་ཕྱོགས་གཉིས་ཀྱིས་འཐབ་ཇུས་སྒྲོམ་གཞིའི་གྲོས་མཐུན་བཀོད་པར་མ་ཟད། ཁྱབ་ཁོངས་མང་བོའི་མཉམ་ལས་ལ་འབྲེལ་བའི་བཟོད་སྒོམ་བརྗེད་ཐོ་ཉི་ཤུ་ལྷག་བཀོད།

དབྱི་རག་གི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ལཱ་ཞེ་ཏི་ཡིས་ཨེ་ཨར་ཏའོ་ཨན་དང་གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་པ་དང་། འཕེལ་རྒྱས་མཉམ་ལས་རྐྱེན་སྲོལ་ལ་ཤུགས་སྣོན་པ་ནན་བཤད་བྱས་པར་མ་ཟད། ཆབ་སྲིད་དང་བདེ་འཇགས། དཔལ་འབྱོར། ཆུའི་ཐོན་ཁུངས། འཇིགས་སྐུལ་ངོ་རྒོལ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

དབྱི་རག་གི་ཙུང་ལིའི་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། སུའུ་ཏཱ་ནེ་ཡིས་ཉིན་དེར་ཨེ་ཨར་ཏའོ་ཨན་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། དབྱི་རག་དང་ཐུར་ཁེ་ཕྱོགས་གཉིས་ཀྱིས་ཉིན་དེར་འཐབ་ཇུས་སྒྲོམ་གཞིའི་གྲོས་མཐུན་བཀོད་དེ། རྒྱུན་མཐུད་འཐབ་ཇུས་མཉམ་ལས་འཛུགས་པར་ལམ་ཐིག་འཆར་གཞི་འདོན་སྤྲོད་བྱས་པར་མ་ཟད། བཟོད་སྒོམ་བརྗེད་ཐོ་ཉི་ཤུ་ལྷག་བཀོད་ཡོད་ལ། དེ་དག་ཞིང་ལས་དང་འཕྲོད་བསྟེན། སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་འབྲེལ་ཡོད་ཟེར།

དེ་ལས་གཞན་སུའུ་ཏཱ་ནེ་དང་ཨེ་ཨར་ཏའོ་ཨན་གཉིས་ཀྱིས་ཉིན་དེར་པཱ་ཀཱ་ཏཱ་ནས་མཉམ་དུ་མཛད་སྒོར་མགོ་འཛིན་བྱས་ཏེ། དབྱི་རག་དང་ཐུར་ཁེ། ཁཱ་ཐར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཕྱོགས་བཞིས་མཉམ་ལས་བྱས་ཏེ་འཕེལ་རྒྱས་ལམ་བུ་གསར་སྤེལ་བྱེད་པའི་བཟོད་སྒོམ་བརྗེད་ཐོ་བཀོད་པར་བདེན་དཔང་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།