མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་མྱུར་མོར་རང་བྱུང་ཁམས་ཆེན་མོའི་བར་གྱི་འཆམ་མཐུན་འབྲེལ་བ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཞི་པའི་ཚེས་ཉེར་གཉིས་ཉིན་ནི་འཛམ་གླིང་སའི་གོ་ལའི་ཉིན་མོ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་གཏམ་བཤད་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ནས། མྱུར་མོར་རང་བྱུང་ཁམས་ཆེན་མོའི་བར་གྱི་འཆམ་མཐུན་འབྲེལ་བ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་ཁོར་ཡུག་སྦགས་བཙོག་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཉམས་པ། ཚད་མེད་པའི་སྒོ་ནས་དྲོད་ཁང་གི་དྲོད་རླངས་ཕྱིར་བཏང་བ་སོགས་ལས་རང་བྱུང་ཁམས་ཆེན་མོར་བཟོས་པའི་གནོད་པ་ཆེན་པོ་རྒྱས་བཤད་བྱས། ཁོས་བཤད་རྒྱུར། བྱ་སྤྱོད་དེ་དག་གིས་མིའི་རིགས་ཀྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་པ་དང་། འབྲུ་རིགས་ཐོན་སྐྱེད་དང་རྒྱ་མཚོ་དང་མཁའ་དབུགས་སྤུས་ཚད། སྤྱིའི་ཁོར་ཡུག་བཅས་ཀྱི་གཏན་འཇགས་རང་བཞིན་ལ་འཇིགས་ཉེན་ཐེབས་ཡོད་ཟེར། ཁོས་བསྟན་དོན། རྒྱུན་མཐུད་འཕེལ་རྒྱས་མངོནའ་གྱུར་བྱེད་དགོས་ན། མིའི་རིགས་ཀྱིས་ངེས་པར་དུ་རང་བྱུང་ཁམས་ཆེན་མོའི་བར་གྱི་འཆམ་མཐུན་འབྲེལ་བ་སླར་གསོ་བྱེད་དགོས་པར་མ་ཟད། རྒྱུན་མཐུད་ཀྱི་ཐོན་སྐྱེད་དང་འཛད་སྤྱོད་བྱེད་ཐབས་ལག་བསྟར་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཉམས་པར་བཀག་འགོག་དང་། ཁོར་ཡུག་སྦགས་བཙོག་མེད་པར་གཏོང་བ། འཛམ་གླིང་ཡོངས་ཀྱི་དྲོད་རླངས་ཕྱིར་གཏོང་ཚད་ཇེ་ཉུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོས་ཁོར་ཡུག་ཉམས་ཉེན་གྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། མྱུར་མོར་སྐུལ་སློང་བྱེད་པ་དང་དགོས་ངེས་ཀྱི་ནོར་སྲིད་རྒྱབ་སྐྱོར་འདོན་སྤྲོད་བྱས་ནས། རྒྱལ་ཁབ་སོ་སོས་རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པར་རོགས་རམ་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་རྒྱལ་ཁབ་སོ་སོས་རྒྱལ་ཁབ་ཀྱི་ནམ་ཟླའི་འཆར་གཞི་གསར་བ་གཏན་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། དེའི་དམིགས་ཡུལ་ནི་འཛམ་གླིང་ཡོངས་ཀྱི་དྲོད་ཚད་འཕར་ཚད་དྲོད་གྲངས་གཅིག་དང་གྲངས་ཆུང་ལྔའི་ནང་ཚོད་འཛིན་བྱེད་པའི་ཆེད་དུ་རེད། འཆར་གཞི་དེ་དག་རྒྱལ་ཁབ་ཀྱི་འཕེལ་སྟངས་བསྒྱུར་བ་དང་དངུལ་གཏོང་གི་སྒྲོམ་གཞིར་བྱས་ཏེ། བུ་རབས་ཚ་རྒྱུད་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།