གནམ་གྲུ་ཞིག་ཨ་མེ་རི་ཁའི་ཨ་ལཱ་སི་ཅཱ་མངའ་སྡེ་ནས་སར་ལྷུང་།
2024.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་ཨ་ལཱ་སི་ཅཱ་མངའ་སྡེའི་ཧྥེ་ཨར་པན་ཁི་སི་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཏའོ་ཀི་ལཱ་སི DC-4རྟགས་ཅན་གྱི་གནམ་གྲུ་ཞིག་ཉིན་དེའི་སྔ་དྲོར་ཧྥེ་ཨར་པན་ཁི་སི་གྲོང་ཁྱེར་ཉེ་འདབས་ཀྱི་ཆུ་བོ་ཞིག་གི་སྟེང་ནས་སར་ལྷུང་བ་རེད་ཟེར།

ཨ་ལཱ་སི་ཅཱ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། གནམ་གྲུ་དེ་ནི་དུས་ཚོད་དགུ་དང་སྐར་མ་ང་ལྔའི་སྟེང་ཧྥེ་ཨར་པན་ཁི་སི་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་རྗེས་སར་ལྷུང་བ་ཡིན་ལ། གནམ་གྲུའི་སྟེང་མི་གཉིས་ཡོད། མིག་སྔར་སྲོག་ཉེན་ལས་ཐར་བའི་མི་རྙེད་མེད་ཟེར།

རྒྱས་ལོན་བྱུང་བ་ལྟར་ན། ཏའོ་ཀི་ལཱ་སི DC-4རྟགས་ཅན་གྱི་གནམ་གྲུ་ནི་སྒུལ་འཁོར་བཞི་ཅན་གྱི་གནམ་གྲུ་ཞིག་ཡིན་པ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་རྒྱ་ཆེར་བེད་སྤྱོད་བྱས་ཡོད་ལ། འཐབ་འཁྲུག་མཇུག་སྒྲིལ་རྗེས་དམངས་སྤྱོད་གནམ་གྲུར་བསྒྱུར་བ་དང་། ད་ལྟ་མང་ཆེ་བ་དངོས་སྐྱེལ་གནམ་གྲུར་བཅོས་བསྒྱུར་བྱས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།