ཅོར་ཏན་གྱི་རྒྱལ་བོས་ངེས་པར་དུ་འབད་བརྩོན་བྱས་ནས་ཅཱ་ཧྲ་ས་ཁུལ་གྱིས་མྱུར་མོར་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་དུ་འཇུག་དགོས་པའི་ཚུལ་བསྟན།
2024.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཚེས་ཉེར་གསུམ་ཉིན་འཚམས་འདྲིར་ཡོང་བའི་ཁི་ཝེ་ཐིའི་མགོ་ཁྲིད་པ་མུས་ཧྲ་ལེ་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ངེས་པར་དུ་འབད་བརྩོན་བྱས་ནས་ཅཱ་ཧྲ་ས་ཁུལ་གྱིས་མྱུར་མོར་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་དུ་འཇུག་དགོས་ཟེར།

ཅོར་ཏན་གྱི་རྒྱལ་བོའི་ཕོ་བྲང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཨ་རབ་རྒྱལ་ཁབ་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། ཅཱ་ཧྲ་ས་ཁུལ་གྱི་གནོད་འཚེ་རང་བཞིན་གྱི་མི་ཆོས་རིང་ལུགས་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། ཉེ་སྔོན་གནས་བབ་ཛ་དྲག་ཏུ་གྱུར་བ་ལས་ས་ཁུལ་དེ་བདེ་འཇགས་དང་གཏན་འཇགས་མིན་པའི་གནས་སུ་ལྷུང་སྲིད་ཟེར། ཁོས་ནན་གྱིས་བསྟན་དོན། ངེས་པར་དུ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་རྨང་གཞིར་བྱས་ནས་ཕཱ་ལེ་སི་ཐན་གནད་དོན་གྱི་ཆབ་སྲིད་ཐག་གཅོད་མདུན་ལྗོངས་འཚོལ་ཞིབ་བྱེད་དགོས་ཟེར།

དེ་ནི་མུས་ཧྲ་ལེ་ཡིས་ཁི་ཝེ་ཐིའི་མགོ་ཁྲིད་པའི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཅོར་ཏན་དུ་འཚམས་འདྲི་བྱས་པ་རེད། ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་གནས་བབ་གསར་བར་གྲོས་བསྡུར་བྱས་པར་མ་ཟད། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་རྒྱུ་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།