ཀི་ལུའུ་ཅི་ཡཱའི་ཙུང་ལི་ཡིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།
2024.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀི་ལུའུ་ཅི་ཡཱའི་ཙུང་ལི་ཁི་པཱ་ཞེ་ཙེ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཀི་ལུའུ་ཅི་ཡཱ་དང་ཀྲུང་གོའི་མཛའ་མཐུན་དང་མཉམ་ལས་དེ་གལ་འགངས་ཧ་ཅང་ཆེ་བ་དང་། ཀི་ལུའུ་ཅི་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། ཀི་ལུའུ་ཅི་ཡཱ་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

ཁི་པཱ་ཞེ་ཙེ་ཉིན་དེར་ཀྲུང་གོའི་ཁེ་ལས་འཛུགས་སྐྲུན་གྱི་འགན་ཁུར་བའི་ཀི་ལུའུ་ཅི་ཡཱའི་ལྷོ་བྱང་འགྲིམ་འགྲུལ་བར་ཁྱམས་ཁི་ཝེ་ཞེ་ཐིས་ནས་ཁི་པུས་བར་གྱི་གཞུང་ལམ་གྱི་ཀུའུ་ཏའོ་ལི་ཕུག་ལམ་འགྲུབ་པའི་མཛད་སྒོར་ཞུགས། ཁོས་མཛད་སྒོར་ཞུགས་རྗེས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་ལས་གཞི་དེའི་འཛུགས་སྐྲུན་ཡོངས་འགྲུབ་བྱས་པར་གཟེངས་བསྟོད་བྱས་པ་དང་། ལས་གཞི་དེས་ཀི་ལུའུ་ཅི་ཡཱའི་གཅིག་འབྲེལ་གཅིག་བརྟེན་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་ནན་བཤད་བྱས།

ཁོས་བཤད་རྒྱུར། ཕུག་ལམ་དེ་ནི་ཀི་ལུའུ་ཅི་ཡཱའི་མངའ་ཁོངས་ཀྱི་ཆེས་ཆེ་བའི་ཕུག་ལམ་ཡིན་པ་དང་། དེ་རི་ཁུལ་གྱི་སྡོད་དམངས་དག་གི་དགུན་ཁའི་འགྲུལ་བཞུད་དང་དངོས་ཟོང་སྐྱེལ་འདྲེན་བཀག་མེད་ཡོང་བར་ཕན་ཐོགས་ཡོད་པ་དང་། ཀི་ལུའུ་ཅི་ཡཱའི་སྤྱི་དམངས་དང་གནས་སྐོར་བའི་བདེ་འཇགས་འགྲུལ་བཞུད་ལ་འགན་སྲུང་བྱས་ནས། གནས་སྐོར་བའི་ཁ་གྲངས་ཇེ་མང་དུ་གཏོང་ཐུབ་ཟེར།

ཁི་པཱ་ཞེ་ཙེ་ཡིས་ད་རུང་བཤད་རྒྱུར། ཀི་ལུའུ་ཅི་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ན་ནིང་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དང་། དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན། ཀི་ལུའུ་ཅི་ཡཱ་ཡིས་གཅིག་འབྲེལ་གཅིག་བརྟེན་ལ་སྐུལ་འདེད་གཏོང་བ་དེ་རྒྱལ་ཁབ་ཀྱི་བྱ་བ་གཙོ་བོའི་གྲས་སུ་བཞག་ཡོད། ཀི་ལུའུ་ཅི་ཡཱ་ཕྱོགས་ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་མགོའི་ནང་ཞུགས་པ་དང་། གྲོས་མགོ་དེའི་སྒྲོམ་གཞིའི་འོག་གི་ལས་གཞི་ཡིས་ཀི་ལུའུ་ཅི་ཡཱའི་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ཟེར།

ཁི་ཝེ་ཞེ་ཐིས་ནས་ཁི་པུས་བར་གྱི་གཞུང་ལམ་གྱི་ཀུའུ་ཏའོ་ལི་ཕུག་ལམ་གྱི་ལས་གཞི་དེ་ཀྲུང་གོའི་ལྕགས་ལམ་ཕུག་ལམ་ཅུའུ་ཡིས་འཛུགས་སྐྲུན་ལས་འགན་ཁུར་བ་ཡིན་ལ། ཀི་ལུའུ་ཅི་ཡཱའི་འཛུགས་སྐྲུན་བྱེད་བཞིན་པའི་ཆེས་ཆེ་བའི་རྨང་གཞིའི་འཛུགས་སྐྲུན་གྱི་ལས་གཞི་ཞིག་ཡིན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།