ཧུའུ་སེ་དྲག་ཆས་པས་ཡཱ་ཏེན་མཚོ་ཁུགས་དང་ཧིན་རྡུ་རྒྱ་མཚོ་ནས་ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་གྲུ་གཟིངས་ལ་འཇབ་རྒོལ་བྱས་པའི་ཚུལ་བསྟན།
2024.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཚེས་ཉེར་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་ཡཱ་ཏེན་མཚོ་ཁུགས་དང་ཧིན་རྡུ་རྒྱ་མཚོ་ནས་ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་གྲུ་གཟིངས་ལ་འཇབ་རྒོལ་བྱས་ཡོད་ཟེར།

སཱ་ལོས་ཡཱ་ཡིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཡཱ་ཏེན་མཚོ་ཁུགས་སུ་བགྲོད་པའི་ཨ་མེ་རི་ཁའི་མཱ་ཧྲི་ཅི་ཡའོ་ཁི་ཏོན་རྟགས་ཅན་གྱི་གྲུ་གཟིངས་དང་ཧིན་རྡུ་རྒྱ་མཚོར་བགྲོད་པའི་དབྱི་སི་རལ་གྱི་ས་དཀྱིལ་མཚོ་ཝེ་ལཱ་ཁི་ལུའུ་སི་རྟགས་ཅན་གྱི་གྲུ་གཟིངས། ཡཱ་ཏེན་མཚོ་ཁུགས་སུ་བགྲོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་མཐར་སྐྲོད་གྲུ་གཟིངས་ཤིག་བཅས་ལ་འཇབ་རྒོལ་བྱས་ཡོད་ཟེར།

སཱ་ལོས་ཡཱ་ཡིས་བསྟན་དོན། ཧུའུ་སེ་དྲག་ཆས་པས་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་གོང་གི་གྲུ་གཟིངས་དེ་དག་ལ་འཇབ་རྒོལ་བྱས་པར་མ་ཟད་ཐད་ཀར་དུ་གྱོང་གུད་བཟོས་ཡོད་ཟེར་ཡང་། ཁོས་འཇབ་རྒོལ་ཐེངས་གསུམ་པོ་དེའི་བྱེ་བྲག་གི་དུས་ཚོད་དང་ཨ་མེ་རི་ཁའི་དམག་དཔུང་གི་མཐར་སྐྲོད་གྲུ་གཟིངས་ཀྱི་མིང་གསལ་བོར་བསྒྲགས་མེད།

ཡོངས་བསྒྲགས་བྱས་པའི་སྐྱེལ་འདྲེན་གྲུ་གཟིངས་ཀྱི་རྒྱུ་ཆ་ལས་མངོན་པ་ལྟར་ན། མཱ་ཧྲི་ཅི་ཡའོ་ཁི་ཏོན་རྟགས་ཅན་ནི་ཨ་མེ་རི་ཁའི་རྒྱལ་དར་བཀལ་བའི་ཟོང་སྒམ་དྲུད་པའི་གྲུ་གཟིངས་ཤིག་ཡིན་པ་དང་། ས་དཀྱིལ་མཚོ་ཝེ་ལཱ་ཁི་ལུའུ་སི་རྟགས་ཅན་ནི་ཕུའུ་ཐའོ་ཡཱའི་རྒྱལ་དར་བཀལ་བའི་དངོས་སྐྱེལ་གྲུ་གཟིངས་ཤིག་ཡིན་པ་རེད། མིག་སྔར་ཨ་ཧྥེ་རི་ཁ་གླིང་གི་སོ་མཱ་ལིའི་ཤར་ངོས་ཀྱི་མཚོ་ལེ་སུམ་བརྒྱ་ཙམ་གྱི་གནས་སུ་ཡོད་ལ། དམིགས་སའི་ཡུལ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ཡིན་པ་རེད།

གཞན་ཡང་ཡེ་མིན་སྲིད་གཞུང་གི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་བསྒྲགས་པ་ལྟར་ན། མཱ་ཧྲི་ཅི་ཡའོ་ཁི་ཏོན་རྟགས་ཅན་གྱི་ཟོང་སྒམ་དྲུད་པའི་གྲུ་གཟིངས་ལ་ཡེ་མིན་གྱི་དུས་ཚོད་ཚེས་ཉེར་གསུམ་ཉིན་གྱི་ཉིན་གུང་ཧུའུ་སེ་དྲག་ཆས་པའི་འཕུར་མདའ་གཉིས་ཀྱི་འཇབ་རྒོལ་ཐེབས་ཀྱང་། གྲུ་གཟིངས་ལ་གཏོར་བརླག་ཐེབས་ནས་མི་སྣར་ཤི་རྨས་བཟོས་མེད་ཟེར།

ཨ་མེ་རི་ཁ་དང་དབྱི་སི་རལ་ཕྱོགས་ཀྱིས་གནས་སྐབས་སུ་འཇབ་རྒོལ་དོན་རྐྱེན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།