ཕུའུ་ཅིན་གྱིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ནི་སྔར་བཞིན་དུས་རབས་ཉེར་གཅིག་གི་ཆེས་ཚབས་ཆེ་བའི་བདེ་འཇགས་འཇིགས་ཉེན་ཅིག་ཡིན་པའི་ཚུལ་བསྟན།
2024.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བཞི་ཉིན་བསྟན་དོན། རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ནི་སྔར་བཞིན་དུས་རབས་ཉེར་གཅིག་གི་ཆེས་ཚབས་ཆེ་བའི་བདེ་འཇགས་འཇིགས་ཉེན་ཅིག་རེད་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་སྐབས་བཅུ་གཉིས་པའི་བདེ་འཇགས་ལས་དོན་གྱི་མཐོ་རིམ་འཐུས་མིའི་རྒྱལ་སྤྱིའི་གྲོས་ཚོགས་ལ་བརྙན་རིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་འཇིགས་སྐུལ་འཇབ་རྒོལ་གྱི་དམིགས་འབེན་ནི་བདག་དབང་རྒྱལ་ཁབ་ཀྱི་གཏན་འཇགས་ལ་གཏོར་བརླག་བྱེད་པ་དང་། དེའི་རྩ་ཁྲིམས་རྨང་གཞིར་གཏོང་བརླག་བཏང་ནས་རྒྱལ་ཁབ་བར་དང་ཆོས་ལུགས་བར་གྱི་འཁོན་སེམས་ངན་སྐུལ་བྱེད་པའི་ཆེད་དུ་རེད། འཇིགས་སྐུལ་འཇབ་རྒོལ་དེ་དག་གི་ལྟག་རྒྱབ་ཏུ་ཐལ་སྤྱོད་རྩ་འཛུགས་ཡོད་པར་མ་ཟད། རྒྱལ་ཁབ་སྐོར་ཞིག་གི་གསང་འཕྲིན་ལས་ཁུངས་ཀྱང་ཡོད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་གྱི་བྱེད་ཐབས་སྔར་ལས་རྙོག་འཛིང་ཆེ་ཞིང་ཡ་ང་བ་ཞིག་རེད། ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་མའོ་སི་ཁོའི་ཉེ་འདབས་ས་ཁུལ་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་ལས་དོན་དེ་ཡང་བསྐྱར་བདེན་དཔང་བྱས་ཡོད་ཟེར། ཁོས་བསྟན་དོན། ཨུ་རུ་སིའི་གསང་འཕྲིན་དང་ཁྲིམས་སྲུང་ལས་ཁུངས་ཀྱིས་སྔར་བཞིན་འཇིགས་སྐུལ་འཇབ་རྒོལ་གྱི་བྱེ་བྲག་གི་ནང་དོན་དེར་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། འཆར་འགོད་མཁན་དང་རྒྱབ་སྐྱོར་མཁན། རྩ་འཛུགས་མཁན་བཅས་འདུས་པའི་འཇིགས་སྐུལ་འཇབ་རྒོལ་གྱི་ཟབ་ཞུགས་མཁན་ཚང་མ་ངོས་འཛིན་བྱེད་དགོས་པ་དང་། མི་སུ་ཡིན་ཡང་ཆད་གཅོད་དེ་ལས་ཐར་ཐབས་མེད་ཟེར།

སྐབས་བཅུ་གཉིས་པའི་བདེ་འཇགས་ལས་དོན་གྱི་མཐོ་རིམ་འཐུས་མིའི་རྒྱལ་སྤྱིའི་གྲོས་ཚོགས་དེ་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་ཧྲིན་པིས་ཏི་པའོ་ནས་བསྡུས། ཚོགས་ཞུགས་འཐུས་མི་དག་གིས་འཛམ་གླིང་ཡོངས་དང་ས་ཁུལ་གྱི་གཏན་འཇགས་ལ་འབྲེལ་བའི་གྲོས་གཞི་གཙོ་བོར་གྲོས་བསྡུར་བྱས་པར་མ་ཟད། ཇི་ལྟར་ཕན་ནུས་ལྡན་པའི་སྒོ་ནས་མིག་སྔའི་ཆེས་དགོས་གལ་ཆེ་ཞིང་ཆེས་ཉེན་ཁ་ལྡན་པའི་འགྲན་རྩོད་ཐག་གཅོད་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕཱ་ཐི་ལུའུ་ཧྲི་ཧྥུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། རྒྱལ་ཁབ་དང་ས་ཁུལ་བརྒྱ་ལྷག་ནས་ཡོང་བའི་འཐུས་མི་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།