ལུའུ་ཁཱ་ཧྲིན་ཁི་ཨུ་རུ་སི་དཀར་པོའི་རྒྱལ་ཡོངས་མི་དམངས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་ཐོན་བྱུང་།
2024.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཚེས་ཉེར་བཞི་ཉིན་ཨུ་རུ་སི་དཀར་པོའི་སྐབས་བདུན་པའི་རྒྱལ་ཡོངས་མི་དམངས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་ཐོན་བྱུང་།

ཨུ་རུ་སི་དཀར་པོའི་སྐབས་བདུན་པའི་རྒྱལ་ཡོངས་མི་དམངས་ཚོགས་ཆེན་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་བསྡུས། དེ་ནི་ཨུ་རུ་སི་དཀར་པོས་ཉིས་སྟོང་ཉེར་གཉིས་ལོར་སྤྱི་བས་བརྡས་གཅོད་བྱས་ཏེ་རྩ་ཁྲིམས་ལ་བཟོ་བཅོས་བྱས་ནས་རྒྱལ་ཡོངས་མི་དམངས་ཚོགས་ཆེན་དེ་ཨུ་རུ་སི་དཀར་པོའི་མི་དམངས་སྲིད་དབང་གི་ཆེས་མཐོའི་འཐུས་ཚབ་ལས་ཁུངས་སུ་གཏན་འཁེལ་གསལ་བོ་བྱས་རྗེས། ཐོག་དང་པོར་བསྡུས་པའི་རྒྱལ་ཡོངས་མི་དམངས་ཚོགས་ཆེན་རེད།

ཚོགས་ཆེན་གྱི་འདེམ་ཤོག་རྩིས་ལེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱེ་ཏི་ཝེ་ཅེ་ཝ་ཡིས་ཚེས་ཉེར་བཞི་ཉིན་ཚོགས་ཆེན་སྟེང་འདེམ་ཤོག་འཕངས་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། ལུའུ་ཁཱ་ཧྲིན་ཁི་ཨུ་རུ་སི་དཀར་པོའི་སྐབས་བདུན་པའི་རྒྱལ་ཡོངས་མི་དམངས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་ཐོན་བྱུང་ཡོད།

ཨུ་རུ་སི་དཀར་པོའི་རྒྱལ་ཡོངས་མི་དམངས་ཚོགས་ཆེན་དེ་ཨུ་རུ་སི་དཀར་པོའི་མི་དམངས་སྲིད་དབང་གི་ཆེས་མཐོའི་འཐུས་ཚབ་ལས་ཁུངས་ཡིན་པའི་ཆ་ནས། ནང་སྲིད་དང་ཕྱི་འབྲེལ་གྱི་གཞི་རྩའི་ཁ་ཕྱོགས་གཏན་འཁེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་ལ་ཆོག་མཆན་འགོད་པ་སོགས་ཀྱི་དབང་ཆ་ལྡན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།