འཛམ་གླིང་ཡོངས་ཀྱི་མི་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ས་ཡ་གཅིག་ལྷག་འབྲུ་རིགས་བདེ་འཇགས་མིན་པའི་གནད་དོན་ཚབས་ཆེན་ལ་འཕྲད་ཡོད།
2024.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་ལས་ཁུངས་མང་བོས་ཚེས་ཉེར་བཞི་ཉིན་མཉམ་དུ་སྤེལ་བའི་འདོན་ཐེངས་གསར་བའི་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་ཉམས་ཉེན་གྱི་སྙན་ཞུ་ལྟར་ན། ཉིས་སྟོང་གསུམ་ལོར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་ང་དགུའི་མི་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ས་ཡ་གཅིག་འབུམ་དྲུག་ཙམ་འབྲུ་རིགས་བདེ་འཇགས་མིན་པའི་གནད་དོན་ལ་འཕྲད་ཡོད་པ་དང་། ས་ཁུལ་གྱི་འཁྲུག་རྩོད་དང་ཐལ་དྲགས་པའི་ནམ་ཟླ། དཔལ་འབྱོར་ཉམས་ཉེན་སོགས་རྒྱུ་རྐྱེན་དབང་གིས་གནས་བབ་དེ་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད་ཟེར།

འབྲུ་རིགས་བདེ་འཇགས་མིན་པའི་གནད་དོན་ཚབས་ཆེན་ཞེས་པ་ནི་ཚེ་སྲོག་དང་འཚོ་ཐབས་དེ་ཟས་རིགས་འདང་ཚིམས་པ་ཐོབ་ཐབས་མེད་པའི་དབང་གིས་ཐད་ཀའི་ཉེན་ཁར་འཕྲད་པ་ལ་གོ་བ་རེད།

སྙན་ཞུ་ལས་བཤད་རྒྱུར། ཉིས་སྟོང་ཉེར་གསུམ་ལོར་འབྲུ་རིགས་བདེ་འཇགས་མིན་པའི་གནད་དོན་ལ་འཕྲད་པའི་མི་གྲངས་དེ་ཉིས་སྟོང་ཉེར་གཉིས་ལོས་བྱེ་བ་གཉིས་དང་ས་ཡ་བཞི་ཙམ་འཕར་ཡོད་ལ། བསྟུད་མར་ལོ་ངོ་ལྔར་འཕར་སྣོན་བྱུང་ཡོད། འབྲུ་རིགས་བདེ་འཇགས་མིན་པའི་གནད་དོན་ཚབས་ཆེན་ལ་འཕྲད་པའི་མི་ཚོགས་ཁྲོད་མང་ཆེ་བ་ནི་བྱིས་པ་དང་བུད་མེད་ཡིན་ལ། རྒྱལ་ཁབ་སོ་གཉིས་ཀྱི་ལོ་ལྔའི་མན་གྱི་བྱིས་པ་བྱེ་བ་གསུམ་དང་ས་ཡ་དྲུག་ལྷག་ལ་འཚོ་བཅུད་མི་འདང་བའི་གནས་ཚུལ་ཚབས་ཆེ་ཟེར། སྙན་ཞུ་ལས་བཤད་རྒྱུར། ཉིས་སྟོང་སུམ་ཅུ་ལོར་ལྟོགས་སྡུག་སེལ་བའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པ་དེ་འགྲན་རྩོད་ཆེན་པོར་འཕྲད་ཡོད་ཟེར།

སྙན་ཞུ་ལྟར་ན། ཉིས་སྟོང་ཉེར་གསུམ་ལོར་ས་ཁུལ་གྱི་འཁྲུག་རྩོད་ལས་འབྲུ་རིགས་ཀྱི་ཉམས་ཉེན་ཚ་དྲག་ཏུ་བཏང་བར་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད་ལ། ཁྱད་པར་དུ་ཅཱ་ཧྲ་ས་ཁུལ་དང་སུའུ་ཏན་སོགས་སུ་འབྲུ་རིགས་དཀོན་པ་ལས་འཚོ་བཅུད་མི་འདང་བ་དང་རྐྱེན་ལམ་དུ་ཤོར་བའི་སྣང་ཚུལ་ཡོངས་ཁྱབ་ཏུ་གནས་ཡོད། དེ་ལས་གཞན་དཔལ་འབྱོར་འགལ་བའི་དབང་གིས་རྒྱལ་ཁབ་ཉེར་གཅིག་གི་མི་བྱེ་བ་བདུན་དང་ས་ཡ་ལྔ་ལྷག་འབྲུ་རིགས་བདེ་འཇགས་མིན་པའི་གནད་དོན་ཚབས་ཆེན་ལ་འཕྲད་ཡོད། ཐལ་དྲགས་པའི་ནམ་ཟླ་ལས་རྒྱལ་ཁབ་བཅོ་བརྒྱད་ཀྱི་མི་བྱེ་བ་བདུན་དང་ས་ཡ་གཉིས་ལྷག་འབྲུ་རིགས་བདེ་འཇགས་མིན་པའི་གནད་དོན་ཚབས་ཆེན་ལ་འཕྲད་ཡོད་ཟེར། སྙན་ཞུ་ལས་ནན་གྱིས་བསྟན་དོན། ཨིག་ཨར་ནེ་ནོའུ་སྣང་ཚུལ་དང་ནམ་ཟླའི་འགྱུར་ལྡོག་ལས་ཉིས་སྟོང་ཉེར་གསུམ་ལོ་དེ་ཟིན་ཐོ་ཡོད་པའི་ཚུན་གྱི་ཆེས་ཚ་བ་ཆེ་བའི་ལོ་ཞིག་ཏུ་གྱུར་ཡོད། ཨིག་ཨར་ནེ་ནོའུ་སྣང་ཚུལ་དེ་ཉིས་སྟོང་ཉེར་བཞི་ལོའི་ལོ་སྟོད་དུ་རྩེར་སོན་གྱི་ཚད་དུ་བསླེབས་སྲིད་ལ། དེས་འབྲུ་རིགས་ཉམས་ཉེན་ཐད་ཐེབས་པའི་ཕྱོགས་ཡོངས་ཀྱི་ཤུགས་རྐྱེན་ད་ལོའི་ལོ་ཧྲིལ་བོར་འབྱུང་སྲིད་ཟེར།

སྙན་ཞུ་ལས་ཉིས་སྟོང་ཉེར་བཞི་ལོར་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་མདུན་ལྗོངས་ཉམས་ཞན་ཡིན་པ་དང་། ཚོད་དཔག་བྱས་ན་ངོ་བོ་རང་བཞིན་ལྡན་པའི་ལེགས་བཅོས་འབྱུང་མི་སྲིད་ལ། འཐབ་འཁྲུག་དང་ཐལ་དྲགས་པའི་ནམ་ཟླ། ཡོང་འབབ་དམའ་བའི་རྒྱལ་ཁབ་ཀྱི་ཉོ་བསྡུའི་ནུས་པ་ཉམས་པ། མི་ཆོས་རིང་ལུགས་ཀྱི་མ་དངུལ་ཇེ་ཉུང་དུ་སོང་བ་སོགས་ལས་མུ་མཐུད་དུ་འབྲུ་རིགས་བདེ་འཇགས་མིན་པའི་གནད་དོན་ལ་འཕྲད་པའི་མི་གྲངས་སྔར་ལས་མང་དུ་འགྲོ་སྲིད་པའི་ཉེན་བརྡ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་སྙན་ཞུ་སྤེལ་རྗེས་བརྙན་རིས་གཏམ་བཤད་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་ཉམས་ཉེན་དེར་འཛམ་གླིང་ཡོངས་ཀྱི་བྲེལ་མྱུར་ཐག་གཅོད་བྱེད་ཐབས་སྤྱོད་དགོས་ཟེར། ཁོས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་མ་དངུལ་ཁ་སྣོན་བྱས་ནས་ལྟོགས་སྡུག་སེལ་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་པའི་གྲོས་གཞི་སྣ་ཚོགས་ལག་བསྟར་བྱས་ཏེ། མི་ཆོས་རིང་ལུགས་ཀྱི་འགུལ་ཐད་མ་དངུལ་འདང་ཚིམས་པ་འདོན་སྤྲོད་བྱེད་པ་དང་། འབྲུ་རིགས་མ་ལག་ཚུལ་བསྒྱུར་བྱེད་པའི་འགུལ་སྐྱོད་འབོད་སྐུལ་ལག་ལེན་དངོས་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།