ཕཱ་ཁི་སི་ཐན་གྱི་ཙུང་ཐུང་གིས་ཀྲུང་གོ་ནི་ཆེས་ཡིད་རྟོན་རུང་བའི་གྲོགས་པོ་ཡིན་པའི་ཚུལ་བསྟན།
2024.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏཱ་ལི་ཡིས་ཚེས་ཉེར་བཞི་ཉིན་བསྟན་དོན། ཀྲུང་གོ་ནི་ཕཱ་ཁི་སི་ཐན་གྱི་ཆེས་ཡིད་རྟོན་རུང་བའི་གྲོགས་པོ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་བཞིན་ཡོད་ཟེར།

ཀྲུང་གོ་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་གི་མགོ་བ་ལོ་ཀྲའོ་ཧོས་ཀྱིས་ཉིན་དེར་དབྱི་སི་ལན་པའོ་ནས་ཀྲ་ཨར་ཏཱ་ལི་དང་གྲོས་མོལ་བྱས། ཀྲ་ཨར་ཏཱ་ལི་ཡིས་བསྟན་དོན། ཕཱ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་བྱས་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཕཱ་ཁི་སི་ཐན་གྱིས་ནམ་རྒྱུན་དུ་ཀྲུང་གོ་ནི་ཆེས་ཡིད་རྟོན་རུང་བའི་གྲོགས་པོར་བརྩིས་ཡོད་པ་དང་། མུ་མཐུད་དུ་ཀྲུང་གོས་རང་གི་ཁེ་ཕན་གཙོ་བོར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱས་ནས་ཕཱ་ཁི་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་བར་ཁྱམས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཉེ་སྔོན་བྱུང་བའི་ཏཱ་སུའུ་ཆུ་གློག་ས་ཚིགས་ཀྱི་འཇབ་རྒོལ་དོན་རྐྱེན་ལ་མི་ཀུན་ཧ་ལས་ཡོད་ཅིང་། བདག་གིས་ཕཱ་ཁི་སི་ཐན་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུང་གོའི་སྤྱི་དམངས་ལྔ་འཇབ་རྒོལ་དེའི་ཁྲོད་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུ་བཞིན་ཡོད་ལ། འདས་པོའི་ཁྱིམ་མིར་ལྷག་བསམ་རྣམ་དག་གི་འཚམས་འདྲི་བྱས་པ་ཡིན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་ནས་གང་མགྱོགས་སྒོས་ལག་དམར་ཁྲིམས་ལ་སྦྱོར་རྒྱུ་དང་། འཇིགས་སྐུལ་ཉེས་ཅན་གྱིས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ལ་གཏོར་བརླག་གཏོང་དུ་འཇུག་མི་སྲིད་པ་ཁས་ལེན་བྱས།

ལོ་ཀྲའོ་ཧོས་ཀྱིས་བསྟན་དོན། ཀྲུང་གོ་དང་ཕཱ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་དམིགས་བསལ་མཛའ་མཐུན་འབྲེལ་བར་ཡུན་རིང་བའི་མཛའ་མཐུན་ལོ་རྒྱུས་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་ཕྱོགས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་ཟབ་ཞུགས་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་དེ་སྣེ་ཁྲིད་ལས་གཞི་ཞིག་ཡིན་པའི་ཆ་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཕྱོགས་གཉིས་ཀྱིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བར་ཡང་གྲུབ་འབྲས་བཟང་བོ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཟོལ་མེད་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་ནས་ཕཱ་ཁི་སི་ཐན་དང་ཀྲུང་གོའི་སྤྱི་དམངས་དང་ཁེ་ལས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།

ཕཱ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅང་ཙེ་ཏུང་གོང་གི་བྱ་འགུལ་ལ་ཞུགས།

ཕཱ་ཁི་སི་ཐན་དུ་འཚམས་འདྲི་བྱེད་སྐབས། ལོ་ཀྲའོ་ཧོས་ཀྱིས་ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་དང་གྲོས་མོལ་བྱས་པ་དང་། ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་ལས་དོན་པུའུ་ཡི་པུའུ་ཀྲང་ཆི་མཱ་དང་མཉམ་དུ་གྲོས་མོལ་བྱས་པར་མ་ཟད་འབྲེལ་ཡོད་ཀྱི་ཕཱ་ལེ་སི་ཐན་ལ་རོགས་སྐྱོར་བྱེད་པའི་མཉམ་ལས་ཡིག་ཆ་བཀོད།


བསོད་ནམས་ཚེ་རིང་གིས་བསྒྱུར།