མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྱིག་ཤོག་སྦགས་བཙོག་བཅོས་སྐྱོང་བྱེད་པའི་སྐོར་ཐེངས་གསར་བའི་གྲོས་མོལ་མགོ་བརྩམས།
2024.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཚོགས་ཡུན་གཟའ་འཁོར་གཅིག་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྱིག་ཤོག་སྦགས་བཙོག་བཅོས་སྐྱོང་བྱེད་པའི་སྐོར་ཐེངས་གསར་བའི་གྲོས་མོལ་དེ་ཚེས་ཉེར་གསུམ་ཉིན་ཁཱ་ནཱ་ཏཱའི་རྒྱལ་ས་བོ་ཐེ་ཧྭ་ནས་དངོས་སུ་མགོ་བརྩམས། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གིས་བསྟན་དོན། ཐེངས་འདིའི་གྲོས་མོལ་ལ་ངེས་པར་དུ་དོན་སྙིང་ལྡན་པའི་གྲུབ་འབྲས་ཐོབ་ཏུ་འཇུག་དགོས་ཟེར།

དེ་ནི་བཅའ་ཁྲིམས་ཀྱི་ཚད་བཀག་ལྡན་པའི་འགྱིག་ཤོག་སྦགས་བཙོག་གི་རྒྱལ་སྤྱིའི་ཡིག་ཆ་ཞིག་གཏན་འབེབས་བྱེད་པར་དམིགས་པའི་སྲིད་གཞུང་བར་གྱི་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་སྐབས་བཞི་བའི་གྲོས་ཚོགས་ཡིན་པ་དང་། ཨུ་ཡོན་ལྷན་ཁང་དེས་ད་ལོའི་ལོ་མཇུག་གི་སྔོན་ལ་འགྱིག་ཤོག་སྦགས་བཙོག་བཅོས་སྐྱོང་བྱེད་པའི་འཛམ་གླིང་ཡོངས་ཀྱི་གྲོས་མཐུན་ཞིག་གཏན་འབེབས་བྱེད་པར་རེ་བཞིན་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་ཨན་ནོའུ་ཧྲིན་གྱིས་ཚོགས་མགོ་རྩོམ་སྐབས་བཤད་རྒྱུར། སྐོར་ཐེངས་འདིའི་གྲོས་མོལ་ལ་ངེས་པར་དུ་དོན་སྙིང་ལྡན་པའི་གྲུབ་འབྲས་ཐོབ་ཏུ་འཇུག་དགོས། དེ་ལྟར་བྱས་ན་ད་གཟོད་ད་ལོའི་ལོ་མཇུག་གི་སྐབས་ལྔ་བའི་གྲོས་ཚོགས་ནས་ཡིག་ཆ་གཏན་འབེབས་བྱེད་པའི་འཕེལ་རིམ་ཡོངས་འགྲུབ་བྱས་ཏེ། འགྱིག་ཤོག་གི་སྦགས་བཙོག་མེད་པར་གཏོང་བར་རྨང་གཞི་འདིང་བ་དང་། མིའི་རིགས་དང་སྐྱེ་ཁམས་མ་ལག་གི་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ་ངེས་རེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གི་གཞི་གྲངས་ལྟར་ན། འགྱིག་ཤོག་གི་ཐོན་སྐྱེད་དང་བེད་སྤྱོད་། ཐག་གཅོད་བཅས་ཀྱི་བྱེད་ཐབས་བཅོས་བསྒྱུར་མ་བྱས་ན། ལོ་རེར་ཆུའི་སྐྱེ་ཁམས་མ་ལག་གི་འགྱིག་ཤོག་གད་སྙིགས་ཉིས་སྟོང་བཅུ་དྲུག་ལོར་ཏུན་ས་ཡ་དགུ་ནས་ཏུན་བྱེ་བ་གཅིག་དང་ས་ཡ་བཞི་ཙམ་ཡིན་པ་ནས་ཉིས་སྟོང་བཞི་བཅུ་ལོར་ཏུན་བྱེ་བ་གཉིས་དང་ས་ཡ་གསུམ་ནས་བྱེ་བ་གསུམ་དང་ས་ཡ་བདུན་ལ་ཇེ་མང་དུ་འགྲོ་སྲིད་ཟེར།

སྐབས་ལྔ་བའི་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ཚོགས་ཆེན་གྱི་རྗེས་མཐུད་ཚོགས་འདུ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་གསུམ་པར་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་འགྱིག་ཤོག་གི་སྦགས་བཙོག་མེད་པར་གཏོང་བའི་གྲོས་ཆོད་འཆར་ཟིན་ལ་གྲོས་མཐུན་བཀོད། གྲོས་ཆོད་ལས་བསྟན་དོན། སྲིད་གཞུང་བར་གྱི་གྲོས་མོལ་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ཏེ། ཉིས་སྟོང་ཉེར་བཞི་ལོའི་བར་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཚད་བཀག་ལྡན་པའི་གྲོས་མཐུན་ཞིག་འགོད་དགོས་པ་དང་། འགྱིག་ཤོག་ཐོན་རྫས་ཀྱི་ཐོན་སྐྱེད་དང་ཇུས་འགོད། ཕྱིར་བསྡུ། ཐག་གཅོད་སོགས་བརྒྱུད་རིམ་ཧྲིལ་བོ་འདུས་དགོས་པར་བསྟན་ཡོད། དེ་བས་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གིས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་མངག་བཅོལ་ལྟར། འབྲེལ་ཡོད་ཀྱི་སྲིད་གཞུང་བར་གྱི་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་བྱ་བར་རྩ་འཛུགས་དང་དོ་དམ་བྱེད་བཞིན་ཡོད། སྐབས་སྔོན་མ་གསུམ་གྱི་གྲོས་ཚོགས་དེ་སོ་སོར་ཝུ་ར་ཀུའེ་དང་ཧྥ་རན་སི། ཁུན་ནེ་ཡཱ་བཅས་ནས་བསྡུས་པ་དང་། ད་ལྟ་འཆར་འགོད་བྱེད་བཞིན་པའི་ཆེས་མཇུག་མཐའི་གྲོས་ཚོགས་སྐབས་ལྔ་བ་དེ་ཉིས་སྟོང་ཉེར་བཞི་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན་ཧན་གོའི་ཧྲོ་ཧྲན་ནས་བསྡུ་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།