པུར་ཀ་རི་ཡཱའི་རྒྱལ་དམངས་གྲོས་ཁང་གིས་ཚེས་ཉེར་ལྔ་ཉིན་འདེམ་ཤོག་བརྒྱ་དང་ཉེར་དགུ་ཡིད་འཐད་བྱུང་བ་དང་། འདེམ་ཤོག་བརྒྱ་དང་གསུམ་གྱི་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་རི་ལེ་ཡཱ་ཙི་ཁི་ཧྥུའུ་ཡི་ལས་འགན་ལེན་པའི་གྲོས་གཞིར་ཆོག་མཆན་བཀོད།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། གྲོས་དཔོན་གྱི་ལས་འགན་ལེན་པའི་གྲོས་གཞི་དེ་ང་ཚོས་མུ་མཐུད་བཅོས་བསྒྱུར་བྱེད་ཅེས་པའི་སྲིད་ཏང་མནའ་འབྲེལ་དང་པུར་ཀ་རི་ཡཱའི་སྤྱི་ཚོགས་ཏང་ཡོད་སའི་སྲིད་ཏང་མནའ་འབྲེལ་གྱི་གྲོས་མིའི་འཐུས་མིས་སྤྲད་པ་ཡིན་ལ། ལས་འགན་ལེན་པའི་རྒྱུ་མཚན་ནི་ ལེ་ཡཱ་ཙི་ཁི་ཧྥུའུ་ཡིས་མ་ལག་ལྡན་པའི་སྒོ་ནས་གྲོས་དཔོན་གྱི་ལས་འགན་ལག་བསྟར་བྱེད་ཐུབ་མེད་པ་དང་། གྲོས་དཔོན་གྱི་འགན་ཁུར་བའི་སྐབས་སུ་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་ཟེར།
རི་ལེ་ཡཱ་ཙི་ཁི་ཧྥུའུ་ནི་གཅིག་སྟོང་དགུ་བརྒྱ་རེ་བརྒྱད་ལོར་སྐྱེས་པ་དང་། སྔོན་ཆད་པུར་ཀ་རི་ཡཱའི་འགྲིམ་འགྲུལ་དང་བརྡ་འཕྲིན་ལག་རྩལ། འཕྲིན་གཏོང་པུའུ་ཡི་པུའུ་ཀྲང་སོགས་ཀྱི་ལས་འགན་ཁུར་མྱོང་། ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཞི་བར་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་དུ་བདམས་ཐོན་བྱུང་བ་རེད།
པུར་ཀ་རི་ཡཱའི་རྒྱལ་དམངས་གྲོས་ཁང་གིས་གླིང་གཅིག་ལམ་ལུགས་ལག་བསྟར་བྱེད་པ་དང་། ལོ་ངོ་བཞིའི་ནང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཐེངས་རེ་སྤེལ་བཞིན་ཡོད་ལ། ཕྱེད་ཀའི་ཡན་གྱི་ལས་གནས་ཐོབ་པའི་སྲིད་ཏང་གིས་སྒེར་ཚུགས་སུ་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱས་ཆོག་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།