སེ་ནེ་ཀལ་སྨྱན་བྱད་ཀྱིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་དབུས་ཕྱོགས་ས་ཁུལ་དུ་ཉིན་དེར་སྤྱི་སྤྱོད་རླངས་འཁོར་ཞིག་ལོག་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་ཟེར།
སེ་ནེ་ཀལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཉིན་དེའི་དགོང་མོའི་དུས་ཚོད་བདུན་ཡས་མས་སུ། དབུས་ཕྱོགས་ཀྱི་ཁཱ་ཧྥུའུ་ལིན་ས་ཁུལ་གྱི་རྒྱལ་ལམ་ཨང་དང་པོའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ལོག་ནས། ཉུང་མཐར་ཡང་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བཅུར་རྨས་ཕོག་ཡོད་ཟེར། རྒུད་སྐྱོབ་མི་སྣ་ཡུལ་དངོས་སུ་འབྱོར་ནས་རྒུད་སྐྱོབ་བྱས་པ་དང་། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།
གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་དེའི་འབྱུང་རྐྱེན་ནི་རླངས་འཁོར་གྱི་སྐྱ་བ་གས་པས་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།