ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ལཱ་ཧྥ་རུ་ས་ངོས་འགུལ་སྐྱོད་སྤེལ་བའི་འཆར་གཞིར་ཆོག་མཆན་བཀོད།
2024.04.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

དབྱི་སི་རལ་གྱི་སྤྱི་བའི་རྒྱང་སྒྲོག་ཀུང་ཟིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་ས་ངོས་འགུལ་སྐྱོད་སྤེལ་བའི་འཆར་གཞིར་ཆོག་མཆན་བཀོད།

བསྒྲགས་པ་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ལཱ་ཧྥ་རུ་ས་ངོས་འགུལ་སྐྱོད་སྤེལ་བའི་འཆར་གཞིར་ཆོག་མཆན་བཀོད་པ་དང་། ཚོད་དཔག་བྱས་ན་དབྱི་སི་རལ་གྱིས་ཅང་མི་འགོར་བར་ལཱ་ཧྥ་ནས་མི་སེར་དཀྱུས་མ་ཕྱིར་འཐེན་བྱས་ཏེ། ས་ངོས་འགུལ་སྐྱོད་སྤེལ་བར་གྲ་སྒྲིག་བྱེད་རྒྱུ་རེད། བསྒྲགས་པའི་གནས་ཚུལ་ལས་ཁ་གསབ་བྱས་དོན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མིག་སྔར་ད་རུང་འཆར་གཞི་དེ་ལག་བསྟར་བྱེད་པའི་བཀའ་རྒྱ་བཏང་མེད་ཟེར།

གཞན་ཡང་ཨ་རབ་ཀྱི་སྨྱན་བྱད་མང་བོས་བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱི་འཐུབ་ཚབ་ཚོགས་པ་ཚེས་ཉེར་དྲུག་ཉིན་དབྱི་སི་རལ་དུ་འབྱོར་ནས། དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་སྐུལ་འདེད་གཏོང་རྒྱུ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།