ནེ་ཀྲི་རི་ཡཱའི་བཙོན་ཁང་ཞིག་ལ་དྲག་ཆར་གྱི་གཏོར་བརླག་ཐེབས་ནས་བཙོན་མ་བརྒྱ་ལྷག་བྲོས་བྱོལ་བྱས།
2024.04.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ནེ་ཀྲི་རི་ཡཱའི་དཔོན་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་བསྟན་དོན། ཚེས་ཉེར་བཞི་ཉིན་གྱི་དགོང་མོར། ནེ་ཀྲི་རི་ཡཱའི་དབུས་བྱང་ཕྱོགས་ཀྱི་ནེ་ཀྲིར་མངའ་སྡེའི་བཙོན་ཁང་ཞིག་གི་སྒྲིག་ཆས་སྐོར་ཞིག་ལ་དྲག་ཆར་གྱི་གཏོར་བརླག་ཐེབས་ནས། ཉུང་མཐར་ཡང་བཙོན་མ་བརྒྱ་དང་བཅུ་དགུ་བྲོས་བྱོལ་བྱས་ཟེར།

ནེ་ཀྲི་རི་ཡཱའི་ཆད་གཅོད་སློབ་གསོ་ཁང་གི་མགྲིན་ཚབ་པ་སཱ་མུའུ་སིན་ཅིག་ཀྲ་ཡིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དོན་རྐྱེན་དེ་ནེ་ཀྲིར་མངའ་སྡེའི་སུའུ་ལའེ་ཅཱ་བཀག་བསྐྱིལ་ལྟེ་གནས་སུ་བྱུང་བ་དང་། དྲག་ཆར་ལས་ལྟེ་གནས་དེ་དང་དེའི་ཉེ་འཁོར་གྱི་འགོག་ར་དང་བཟོ་བཀོད་ལ་གཏོར་བརླག་ཚབས་ཆེན་ཐེབས་པས། བཙོན་པ་བརྒྱ་དང་བཅུ་དགུ་བྲོས་བྱོལ་བྱས་པ་རེད། མིག་སྔར་བདེ་འཇགས་སྡེ་ཁག་གིས་དེའི་ཁྲོད་ཀྱི་བཙོན་མ་བཅུ་ཡང་བསྐྱར་འཛིན་བཟུང་བྱས་ཡོད་ཟེར།

ནེ་ཀྲི་རི་ཡཱ་རུ་ཉེ་བའི་ལོ་འགའི་རིང་ལ་གཞི་རྒྱ་ཆེ་བའི་བཙོན་ཡོལ་དོན་རྐྱེན་མང་དུ་བྱུང་བ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་བཙོན་ཁང་ལ་ཁྲིམས་འགལ་དྲག་ཆས་པའི་འཇབ་རྒོལ་ཐེབས་པས་རེད། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བདུན་པའི་ཚེས་ལྔ་ཉིན་གྱི་དགོང་མོར་ནེ་ཀྲི་རི་ཡཱའི་རྒྱལ་ས་ཨ་པུའུ་ཅཱ་ཡི་བཙོན་ཁང་ཞིག་ལ་འཇབ་རྒོལ་ཐེབས་ནས། བཙོན་མ་དྲུག་བརྒྱ་ཙམ་བྲོས་བྱོལ་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།