ཐན་ཙན་ནི་ཡཱ་རུ་བསྟུད་མར་དྲག་ཆར་བབས་ནས་མི་བརྒྱ་དང་ང་ལྔ་རྐྱེན་ལམ་དུ་ཤོར།
2024.04.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཐན་ཙན་ནི་ཡཱའི་ཙུང་ལི་མཱ་ཅཱ་ལེ་ཝ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཟླ་བཞི་བའི་ཚུན་ལ་བསྟུད་མར་དྲག་ཆར་བབས་པ་ལས་ཐན་ཙན་ནི་ཡཱ་རུ་མི་བརྒྱ་དང་ང་ལྔ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

མཱ་ཅཱ་ལེ་ཝ་ཡིས་ཉིན་དེར་རྒྱལ་ས་ཏའོ་ཏའོ་མཱ་ནས་གྲོས་ཁང་ལ་སྙན་ཞུ་འབུལ་སྐབས་བཤད་རྒྱུར། བསྟུད་མར་དྲག་ཆར་བབས་པ་ལས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ས་ཁུལ་བཅུ་བཞིར་ཆུ་ལོག་བྱུང་སྟེ། མི་བརྒྱ་དང་ང་ལྔ་རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི་ཉིས་བརྒྱ་དང་སོ་དྲུག་ལ་རྨས་ཕོག་ཡོད་ལ། མི་འབུམ་གཉིས་ཙམ་ལ་གནོད་འཚེ་ཐེབས་པར་མ་ཟད་ཁང་ཤར་ཁྲི་གཅིག་ལྷག་ལ་གཏོར་བརླག་ཐེབས་ཡོད་ཟེར།

མཱ་ཅཱ་ལེ་ཝ་ཡིས་བཤད་རྒྱུར། བསྟུད་མར་དྲག་ཆར་བབས་པ་ལས་རྒྱལ་ཡོངས་ཀྱི་སློབ་གྲྭ་དང་སྨན་ཁང་ལ་ཚད་མི་འདྲ་བའི་གནོད་པ་ཐེབས་ཡོད་ལ། ཆུ་ལོག་གི་གནོད་པ་ཐེབས་པའི་སློབ་གྲྭ་མང་ཆེ་བས་སློབ་ཁྲིད་མཚམས་བཞག་ཡོད། དེ་མིན་གཞུང་ལམ་དང་ཟམ་པ་སོགས་རྨང་གཞིའི་སྒྲིག་ཆས་དང་ཞིང་ལས། ཕྱུགས་ལས་བཅས་ལའང་གྱོང་གུད་ཆེན་པོ་བཟོས་ཡོད་ཟེར།

ཐན་ཙན་ནི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། མིག་སྔར་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བ་ནི་མཚོ་འགྲམ་ས་ཁུལ་དང་མའོ་ལོ་ཀི་ལོ་ས་ཁུལ་ཡིན་ཞིང་། མཚོ་འགྲམ་ས་ཁུལ་ནས་སློབ་ཆུང་ཉི་ཤུ་ལྷག་ཆུས་བསྣུབས་ནས་སློབ་མ་སྟོང་བརྒྱད་ལྷག་གི་སློབ་ཁྲིད་མཚམས་མི་འཇོག་ཐབས་མེད་བྱུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།