རྒྱལ་སྤྱིའི་ནུས་ཁུངས་ལས་དོན་ཁང་གིས་གློག་གཡིས་དེ་ནམ་ཟླ་དང་ནུས་ཁུངས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་གལ་འགངས་ཧ་ཅང་ཆེ་བའི་ཚུལ་བསྟན།
2024.04.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་སྤྱིའི་ནུས་ཁུངས་ལས་དོན་ཁང་གིས་ཚེས་ཉེར་ལྔ་ཉིན་སྙན་ཞུ་སྤེལ་ཏེ། མ་རྩ་ཇེ་དམའ་རུ་བཏང་བ་དང་གསར་གཏོད་ལ་ཡར་སྐུལ་བྱས་པ། རྒྱབ་སྐྱོར་རང་བཞིན་གྱི་ཐོན་ལས་སྲིད་ཇུས་སོགས་ལས་ཉིས་སྟོང་ཉེར་གསུམ་ལོའི་གློག་གཡིས་ཀྱི་གློག་ཤུགས་ལས་རིགས་ཀྱི་བཀོད་སྒྲིག་བྱས་ཚད་དུས་མཉམ་ལས་ལྡབ་གཅིག་ཡན་འཕར་ཡོད་པ་དང་། དེའི་འཕར་ཚད་དག་གཙང་ནུས་ཁུངས་གཞན་པའི་ལག་རྩལ་མང་ཆེ་བ་ལས་བརྒལ་ཡོད་ལ། གློག་གཡིས་ལག་རྩལ་དེ་ནམ་ཟླ་དང་ནུས་ཁུངས་དམིགས་འབེན་མངོན་འགྱུར་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར།

ཁ་ཡིག་ལ་གློག་གཡིས་དང་ནུས་ཁུངས་བདེ་འཇགས་ཚུལ་བསྒྱུར་ཞེས་པའི་སྙན་ཞུ་ལས་གློག་གཡིས་ལག་རྩལ་གྱི་སྐྱེ་ཁམས་མ་ལག་ཧྲིལ་བོར་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ཡོད། སྙན་ཞུ་ལས་བསྟན་དོན། རྫས་འགྱུར་འབར་རྫས་བཀོལ་ནས་གློག་འདོན་པ་དང་བསྡུར་ན། གློག་གཡིས་ཀྱིས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་དང་ཟུང་འབྲེལ་བྱས་ཡོད་ལ། འགྲན་རྩོས་ནུས་པ་ལྡན་ཞིང་བདེ་འཇགས་བློ་གཏད་རུང་བའི་རྒྱུན་མཐུད་ཀྱི་ཚབ་བྱེད་ལག་རྩལ་ཅིག་ཏུ་གྱུར་ཡོད། དེའི་ཞོར་དུ་གློག་སྒུལ་རླངས་འཁོར་ལ་སྒུལ་ཤུགས་འདོན་སྤྲོད་བྱས་ནས་གཞུང་ལམ་འགྲིམ་འགྲུལ་གྱི་ཐཱན་ཉུང་གཏོང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཐུབ་ཟེར།

སྙན་ཞུ་ལས་ཚོད་དཔག་བྱས་དོན། ད་ལྟ་ནས་ཉིས་སྟོང་སུམ་ཅུ་ལོའི་བར། གློག་གཡིས་ཀྱི་བཀོད་སྒྲིག་གཞི་རྒྱ་དེ་ལྡབ་འགྱུར་གྱིས་ཇེ་ཆེར་བཏང་ནས། འཛམ་གླིང་ཧྲིལ་བོ་ནུས་ཁུངས་དང་ནམ་ཟླའི་དམིགས་འབེན་མངོན་འགྱུར་བྱེད་པའི་ལམ་དུ་ཞུགས་པར་བྱེད་དགོས། གནས་ཚུལ་དེ་འདྲའི་འོག ཉིས་སྟོང་སུམ་ཅུ་ལོའི་བར་འཛམ་གླིང་ཡོངས་ཀྱི་སྤྱིའི་ནུས་གསོག་ཤོང་ཚད་ལྡབ་དྲུག་འཕར་སྲིད་པ་དང་། དེའི་ནང་འཕར་ཚད་ཀྱི་བཅུ་ཆའི་དགུ་གློག་གཡིས་ཀྱི་ནུས་ཁུངས་ཤོང་ཚད་ཡིན་སྲིད་ཟེར།

སྙན་ཞུ་ལས་གློག་གཡིས་ནུས་གསོག་གི་བྱེད་ནུས་མང་བོ་ནན་བཤད་བྱས། དག་གཙང་ནུས་ཁུངས་ཀྱི་ཚུལ་བསྒྱུར་གྱི་ཁག་ཅིག་ཡིན་པའི་ཆ་ནས། གློག་གཡིས་ཀྱིས་འགྲོ་སོང་ཉུང་ཞིང་ཕན་ནུས་ལྡན་པའི་སྒོ་ནས་གློག་ཤུགས་བདེ་འཇགས་ལ་རྒྱབ་སྐྱོར་བྱེད་ཐུབ་པ་དང་། གློག་ཤུགས་ཁྱབ་ཁོངས་ནས་གློག་གཡིས་དེ་རླུང་ནུས་དང་ཉི་འོད་ནུས་པ་སོགས་ལག་རྩལ་ལས་བྱུང་བའི་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་གློག་ཤུགས་ཀྱི་ཞོར་སྐྱོན་མེད་པར་གཏོང་བར་ཕན་ཐོགས་ཡོད། དེ་ལས་གཞན་གློག་གཡིས་ཀྱི་ནུས་གསོག་ལས་གློག་ཤུགས་མཁོ་འདོན་གྱི་རྩེར་སོན་དུས་སྐབས་ཀྱི་གློག་དྲ་ཁགས་པའི་གནད་དོན་ཞི་འཇགས་སུ་བཏང་ནས། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་གློག་ཤུགས་ལྷག་མ་གསོག་ནས་ཕྱིར་གཏོང་བྱེད་ཐུབ་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།