ཝུའུ་ཁི་ལན་གྱིས་ཨུ་རུ་སི་ཕྱོགས་ཀྱིས་སྐོར་ཐེངས་གསར་བའི་འཕུར་མདའི་འཇབ་རྒོལ་བྱས་པའི་ཚུལ་བསྟན།
2024.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་སྨྱན་བྱད་དང་དམག་ཕྱོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས་ཉེར་དྲུག་ཉིན་གྱི་ནམ་གུང་ནས་ཚེས་ཉེར་བདུན་ཉིན་གྱི་ཞོགས་པའི་བར། ཨུ་རུ་སི་ཡིས་ཝུའུ་ཁི་ལན་ལ་སྐོར་ཐེངས་གསར་བའི་འཕུར་མདའི་འཇབ་རྒོལ་བྱས་པ་དང་། ཝུན་ནེ་ཁྲ་མངའ་སྡེ་དང་དབྱི་ཝན་ནོའུ་ཧྥོ་ལན་ཁི་ཧྥུའུ་སི་ཁི་མངའ་སྡེ་གཉིས་ནས་སྔ་གཞུག་ཏུ་འགས་གཏོར་གྱི་སྒྲ་ཆེན་པོ་བྱུང་ཡོད་ཟེར།

ས་དེའི་ཚེས་ཉེར་དྲུག་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་ཡས་མས་སུ། ཝུའུ་ཁི་ལན་གྱི་མངའ་ཁོངས་ཧྲིལ་བོར་མཁའ་སྲུང་ཉེན་བརྡ་བཏང་བ་རེད། ཝུའུ་ཁི་ལན་གྱི་མཁའ་དམག་གིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེའི་དགོང་མོར་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་བློ་གྲི་རྟགས་ཅན་གྱི་སྒྲའི་མྱུར་ཚད་ལས་བརྒལ་བའི་འཕུར་མདའ་དང་བཅས་པའི་འཕུར་མདའ་མང་བོ་གཏོང་འཕེན་བྱས་པ་དང་། འཇབ་རྒོལ་བྱེད་སའི་ཕྱོགས་གཙོ་བོ་ནི་ཝུའུ་ཁི་ལན་གྱི་ནུབ་ཕྱོགས་ས་ཁུལ་རེད་ཟེར། ཝུའུ་ཁི་ལན་གྱི་མཁའ་དམག་གིས་ད་རུང་གསལ་འདེབས་བྱས་དོན། ཨུ་རུ་སིའི་དམག་དཔུང་གི་ཐུའུ-95རྟགས་ཅན་གྱི་འཐབ་ཇུས་འགས་གཏོར་གནམ་གྲུའི་ཚོགས་མའོ་ཨར་མན་སི་ཁི་མངའ་སྡེའི་ཨོ་ལེ་ནེ་ཡཱ་མཁའ་དམག་རྟེན་གཞི་ནས་འཕུར་ཏེ་ཝུའུ་ཁི་ལན་གྱི་ཕྱོགས་སུ་ཡོང་བཞིན་ཡོད་ལ། ཝུའུ་ཁི་ལན་གྱི་མཁའ་དམག་གིས་འགས་གཏོར་གནམ་གྲུའི་ཚོགས་དེའི་འགྲོ་འདུག་ལ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་པ་དང་། དེས་འཇབ་རྒོལ་བྱེད་ངེས་ཀྱང་སྲིད་ཟེར།

ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐུའུ-95རྟགས་ཅན་གྱི་འཐས་ཇུས་འགས་གཏོར་གནམ་གྲུས་སྐོར་ཞིབ་རྗེས་འདེད་འཕུར་མདའ་ཁྱེར་ཡོད་པ་དང་། འཇབ་རྒོལ་བྱེད་སའི་དམིགས་འབེན་གཙོ་བོ་ནི་ཝུའུ་ཁི་ལན་གྱི་ནུས་ཁུངས་སྒྲིག་ཆས་ཡིན་ངེས་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།