མཱ་ཏཱ་ཀ་སི་ཁཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཀྲུང་གོས་ཁྱབ་ཁོངས་སོ་སོ་ནས་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱས།
2024.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཱ་ཏཱ་ཀ་སི་ཁཱའི་ཕྱི་འབྲེལ་བློན་ཆེན་ལཱ་སཱ་ཐཱ་ཡིས་ཚེས་ཉེར་ལྔ་ཉིན་ཀྲུང་གོས་རྨང་གཞིའི་འཛུགས་སྐྲུན་དང་། འཕྲོད་བསྟེན། རིག་གནས། ཞིང་ལས། གཞི་གྲངས་གསར་གཏོད་སོགས་ཁྱབ་ཁོངས་ནས་མཱ་ཏཱ་ཀ་སི་ཁཱའི་ཕྱོགས་ལ་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱས།

ལཱ་སཱ་ཐཱ་ཡིས་ཉིན་དེར་སྤེལ་བའི་མཱ་ཏཱ་ཀ་སི་ཁཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅི་ཕིང་གིས་ལས་འགན་ཁུར་བའི་སྣེ་ལེན་ཚོགས་འདུའི་སྟེང་དུ། མཱ་ཏཱ་ཀ་སི་ཁཱ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་ལྷག་འགོར་བའི་རིང་བླངས་པའི་མཛའ་མཐུན་མཉམ་ལས་ཀྱི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས། ཁོ་མོས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་མཱ་ཏཱ་ཀ་སི་ཁཱའི་མཉམ་ལས་གྲོགས་པོ་གཙོ་བོ་ཡིན་ཞིང་། མཱ་ཏཱ་ཀ་སི་ཁཱ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། སྔར་ལས་དམ་ཟབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་འདོད་ཡོད་ཟེར།

ཅི་ཕིང་གིས་བསྟན་དོན། མཱ་ཏཱ་ཀ་སི་ཁཱ་ཕྱོགས་དང་མཉམ་དུ་ནན་ཏན་གྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲོས་འདོན་དེ་མཱ་ཏཱ་ཀ་སི་ཁཱའི་སྲིད་གཞུང་གི་དར་སྤེལ་གྲོས་འདོན་དང་སྦྲེལ་མཐུད་གང་ལེགས་བྱས་ནས། སྤུས་ཚད་སྔར་ལས་མཐོ་བ་དང་མྱུར་ཚད་སྔར་ལས་མགྱོགས་པ། ཕན་འབྲས་སྔར་ལས་བཟང་བའི་སྒོ་ནས་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་གསར་བ་སྔར་ལས་མང་བོ་གསར་བསྐྲུན་བྱེད་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།