ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་དམག་དོན་སློབ་ཆེན་དུ་འཚམས་འདྲི་བྱས་པར་མ་ཟད་རྣམ་པ་གསར་བའི་མེ་ཤུགས་འཕུར་མདའ་ལ་ཞིབ་བཤེར་རྩིས་ལེན་བྱས།
2024.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་མི་དམངས་གསར་བརྗེའི་དམག་དཔུང་བཙུགས་ནས་ལོ་ངོ་གོ་གཉིས་འགོར་བར་རྗེས་དྲན་བྱེད་པའི་སྐབས་སུ། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཅིན་རི་ཁྲིན་དམག་དོན་ཕྱོགས་བསྡུས་སློབ་ཆེན་དུ་འཚམས་འདྲི་བྱས་པ་དང་། ཉིན་དེར་ད་རུང་རྣམ་པ་གསར་བའི་མེ་ཤུགས་འཕུར་མདའ་ལ་ཞིབ་བཤེར་རྩིས་ལེན་བྱས་ཟེར།

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཅིན་རི་ཁྲིན་དམག་དོན་ཕྱོགས་བསྡུས་སློབ་ཆེན་དུ་གཏམ་བཤད་སྤེལ་ཏེ། སློབ་གྲྭ་དེས་དེང་རབས་ཅན་གྱི་འཐབ་འཁྲུག་ལ་གྲ་སྒྲིག་གང་ལེགས་བྱས་ཡོད་པའི་དམག་དོན་འཇོན་མི་གསོ་སྐྱོང་བྱེད་དགོས་པའི་སྐུལ་མ་བཏང་། ཅིན་ཀྲིན་ཨིན་གྱིས་ནན་གྱིས་བསྟན་དོན། ཁྲའོ་ཞན་དམག་དཔུང་གིས་རྒྱུན་ཆད་མེད་པར་འཐབ་འཛིང་ནུས་པ་མཐོར་འདེགས་བྱས་ནས་དུས་རབས་ཀྱི་རེ་བ་དང་འཚམ་པར་བྱེད་དགོས་ཟེར།

གཞན་ཡང་ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཉིན་དེར་ད་རུང་གསར་དུ་བཙུགས་པའི་དམག་དོན་བཟོ་ལས་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་ཧའོ་རྨིད་ཉིས་བརྒྱ་དང་བཞི་བཅུ་ཅན་གྱི་མེ་ཤུགས་འཕུར་མདའ་ལ་ཞིབ་བཤེར་རྩིས་ལེན་བྱས་ནས་གཏོང་འཕེན་ཚོད་ལྟ་བྱས་པར་བལྟས།

ཅིན་ཀྲིན་ཨིན་གྱིས་དམག་དོན་བཟོ་ལས་ཁེ་ལས་ཀྱིས་ཡང་དག་ནོར་མེད་དང་སྤུས་ཚད་འགན་སྲུང་བྱས་ནས་ད་ལོའི་དམག་དོན་བཟོ་ལས་ཀྱི་ཐོན་སྐྱེད་འཆར་གཞི་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། ལག་རྩལ་གསར་བ་བེད་སྤྱད་ནས་མེ་ཤུགས་འཕུར་མདའ་དེ་རིགས་ཀྱི་མཚོན་ཆའི་མ་ལག་གིས་ཁྲའོ་ཞན་གྱི་མེ་སྒྱོགས་དམག་དཔུང་གི་སྟོབས་ཤུགས་ལ་ཤུགས་སྣོན་པའི་ཐད་ནས་འཐབ་ཇུས་རང་བཞིན་གྱི་འགྱུར་ལྡོག་འབྱུང་དུ་འཇུག་སྲིད་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།