ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་རྒྱལ་གཅེས་མཁན་འཕུར་མདའི་འགོག་སྲུང་མ་ལག་གི་རོགས་སྐྱོར་བྱེད་འདོད་ཡོད་ཀྱང་རྒྱལ་ཁབ་གཞན་པར་མཉམ་ལས་བྱེད་དགོས་པའི་ཚུལ་བསྟན།
2024.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་གྱིས་ཚེས་ཉེར་དྲུག་ཉིན་བསྟན་དོན། ཨ་མེ་རི་ཁའི་ཝུའུ་ཁི་ལན་ལ་སྔར་ལས་མང་བའི་རྒྱལ་གཅེས་མཁན་གྱི་འཕུར་མདའི་འགོག་སྲུང་མ་ལག་འདོན་སྤྲོད་བྱེད་འདོད་ཡོད་ཀྱང་། འབྲེལ་ཡོད་ཀྱི་རོགས་སྐྱོར་དེ་རྒྱལ་ཁབ་གཞན་པའི་བར་མཉམ་ལས་བྱས་ནས་ད་གཟོད་མངོན་འགྱུར་བྱེད་དགོས་ཟེར།

ཨོ་སི་ཏེན་གྱིས་ཉིན་དེར་མེ་རི་ཁའི་རྒྱལ་སྲུང་པུའུ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཝུའུ་ཁི་ལན་ལ་རྒྱལ་གཅེས་མཁན་གྱི་འཕུར་མདའི་འགོག་སྲུང་མ་ལག་སྔར་ལས་མང་བོ་ཇི་ལྟར་ཐོབ་པར་རྗེས་ནས་བསམ་བློ་གཏོང་དགོས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཧ་ཅང་ནན་ཏན་གྱི་རྣམ་འགྱུར་བཟུང་ནས་བྱ་བ་དེར་སྐུལ་འདེད་གཏོང་བཞིན་ཡོད་ལ། རྒྱལ་ཁབ་དེ་དག་བར་གྱི་མཉམ་ལས་ལ་བརྟེན་ནས་ཝུའུ་ཁི་ལན་ལ་རྒྱལ་གཅེས་མཁན་གྱི་འཕུར་མདའི་འགོག་སྲུང་མ་ལག་གི་རོགས་སྐྱོར་བཀོད་སྒྲིག་བྱེད་འདོད་ཡོད་ཟེར།

ཨོ་སི་ཏེན་གྱིས་ད་རུང་བཤད་རྒྱུར། རྒྱལ་གཅེས་མཁན་གྱི་འཕུར་མདའི་འགོག་སྲུང་མ་ལག་ནི་ཝུའུ་ཁི་ལན་གྱི་མིག་སྔའི་དགོས་མཁོ་གཅིག་པུ་མིན་པས། དགྲ་འགོག་རྒྱལ་ཁ་ལོན་པའི་ཐབས་མཆོག་ཅིག་ཏུ་རློམ་མི་རུང་། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་མཚོན་ཆ་སྣ་མང་གིས་གྲུབ་པའི་ལེགས་བསྡུས་རང་བཞིན་གྱི་མཁའ་སྲུང་དང་འཕུར་མདའི་མ་ལག་ཐོབ་པར་བྱེད་དགོས། ཨ་མེ་རི་ཁ་ཕྱོགས་ཀྱིས་མིག་སྔར་གང་ནུས་ཀྱིས་ཝུའུ་ཁི་ལན་ལ་རྒྱལ་གཅེས་མཁན་མ་གཏོགས་པའི་མཁའ་སྲུང་མཚོན་ཆ་གཞན་པ་འདོན་སྤྲོད་བྱེད་ཅི་ཐུབ་བྱེད་བཞིན་ཡོད་ཟེར།

ཉིན་དེའི་སྔ་དྲོར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཝུའུ་ཁི་ལན་ལ་མེ་སྒོར་ཐེར་འབུམ་དྲུག་གི་རིན་ཐང་ལྡན་པའི་བདེ་འཇགས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས། རོགས་སྐྱོར་དེའི་ནང་གསར་དུ་ཁ་སྣོན་བྱས་པའི་རྒྱལ་གཅེས་མཁན་གྱི་འཕུར་མདའི་འགོག་སྲུང་མ་ལག་མེད་པ་དང་། དེར་འཚམ་པའི་འཕུར་མདའ་ཁོ་ན་རེད། དེ་ལས་གཞན་ཨ་མེ་རི་ཁ་ཕྱོགས་ཀྱིས་དེའི་སྔོན་ཝུའུ་ཁི་ལན་ལ་འདོན་སྤྲོད་བྱས་པའི་རྒྱལ་ཁབ་སྔོན་ཐོན་གྱི་ས་ངོས་ནས་མཁའ་དབྱིངས་ལ་དམིགས་པའི་འཕུར་མདའི་མ་ལག་ལ་འཚམ་པའི་འཕུར་མདའ་དང་། དེ་མིན་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཉེ་སྔོན་བེད་སྤྱོད་བྱེད་པའི་མཁའ་སྲུང་མ་ལག་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱས་པའི་མཁའ་སྲུང་མཚོན་ཆའི་གཏོང་འཕེན་སྒྲིག་ཆས། འཕུར་མདའ། ལོས་ཏཱ་སོགས་ལེགས་སྒྲིག་བྱས་པའི་སྒྲིག་ཆས་འདུས་ཡོད། ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་མཚོན་ཆ་དེ་དག་ནི་ཨ་མེ་རི་ཁའི་སྲིད་གཞུང་གིས་རྒྱལ་ཁབ་རང་གི་མཚོན་ཆའི་བཟོ་སྐྲུན་ཚོང་བའི་ལག་ནས་ཉོ་བསྡུ་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་ཟླ་ངོ་འགའ་དང་ཡང་ན་ལོ་ངོ་འགའི་རྗེས་སུ་ད་གཟོད་རྩིས་སྤྲོད་བྱེད་ཐུབ་ངེས་རེད།

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཉིན་དེར་ཨ་མེ་རི་ཁས་སྣེ་ཁྲིད་ཅིང་། རྒྱལ་ཁབ་ལྔ་བཅུ་ཙམ་ཞུགས་པའི་ཝུའུ་ཁི་ལན་གྱི་འགོག་སྲུང་གནད་དོན་གྱི་རྒྱལ་སྤྱིའི་འབྲེལ་གཏུག་ཚན་ཆུང་གི་དྲ་ལམ་གྱི་ཚོགས་འདུར་ཞུགས་སྐབས་བཤད་རྒྱུར། ཝུའུ་ཁི་ལན་ལ་མིག་སྔར་ཉུང་མཐར་ཡང་རྒྱལ་གཅེས་མཁན་འགོག་སྲུང་འཕུར་མདའ་དང་ཡང་ན་བྱེད་ནུས་དེ་དང་མཚུངས་པའི་འཕུར་མདའི་འགོག་སྲུང་མ་ལག་བདུན་མཁོ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།