ཁྲའོ་ཞན་གྱིས་ཨ་མེ་རི་ཁའི“རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་སྙན་ཞུའི”ནང་ཁྲའོ་ཞན་ལ་དམའ་འབེབས་བྱས་པར་རྒོལ་གཏམ་བཏང་།
2024.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ4པའི་ཚེས27ཉིན། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཁྲའོ་ཞན་ཕྱི་དོན་ལས་ཁུངས་ཀྱི་མགྲིན་ཚབ་པས་ཉིན་དེར་གཏམ་བཤད་སྤེལ་ནས། ཨ་མེ་རི་ཁས་ཉེ་ལམ་ཁྱབ་བསྒྲགས་བྱས་པའི2023ལོའི“རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་སྙན་ཞུའི”ནང་དུ། ཁྲའོ་ཞན་ལ་དམའ་འབེབས་བྱས་པར་རྒོལ་གཏམ་བཏང་།

མགྲིན་ཚབ་པས་ཨ་མེ་རི་ཁས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་སྙན་ཞུའི”ཁྲའོ་ཞན་དང་འབྲེལ་ཡོད་ནང་དོན་ལ་གཡོ་ཟོལ་དང་རྫུན་བཟོ། ཕྱོགས་ཞེན། དགྲར་འཛིན་བཅས་ཀྱི་རྣམ་འགྱུར་གྱིས་ཁེངས་ཡོད་ལ། ཁྲའོ་ཞན་ཕྱོགས་ཀྱིས་རྣམ་འགྱུར་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པར་མ་ཟད། ཨ་མེ་རི་ཁ་ཕྱོགས་ལ་ཁྲའོ་ཞན་རྒྱལ་ཁབ་ཀྱི་བདག་དབང་དང་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་མྱུར་མོར་མཚམས་འཇོག་དགོས་པའི་བརྡ་ཡང་བཏང་ཡོད་ཟེར།

མགྲིན་ཚབ་པས་ཨ་མེ་རི་ཁ་ཕྱོགས་ཀྱིས“རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་སྙན་ཞུ”ཁྱབ་བསྒྲགས་བྱས་པ་དེ་ནི། འགྲོ་བ་མིའི་ཐོབ་ཐང་ངོ་མར་འགན་ལེན་བྱ་རྒྱུ་དང་འབྲེལ་བ་སྤུ་ཙམ་ཡང་མེད། བྱེད་སྟངས་དེ་ནི་ཨ་མེ་རི་ཁ་ཕྱོགས་ཀྱིས་བསམ་ངན་བཅངས་ནས་རང་གི་བློར་མི་འབབ་པའི་རྒྱལ་ཁབ་ལ་དམའ་འབེབས་བྱས་པར་མ་ཟད། ནང་སྲིད་ལ་ཐེ་གཏོགས་བྱས་པ་ལས་གཞན། སྤྱི་ཚོགས་ལམ་ལུགས་མགོ་རྟིང་སློག་པར་ལྐོག་གཡོ་འཐེན་ཆེད་དཔྱད་གཞི་འཚོལ་བསྡུ་བྱས་པ་ཙམ་ཞིག་ལས་ཅི་ཡང་མིན་ཟེར།

མགྲིན་ཚབ་པས་ཨ་མེ་རི་ཁའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ནི་ཉམ་ང་ཞིང་བལྟ་བས་མི་བཟོད་པ་ཞིག་ཡིན་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མིག་མདུན་དུ་བཤམས་ཡོད། ཨ་མེ་རི་ཁས་སྐབས་འདིར་སྔར་བཞིན་ཕྱི་རྒྱལ་ལ་དམག་དོན་རོགས་སྐྱོར་ཆེན་པོ་བྱས་ནས། ཉེས་མེད་མི་སེར་དམར་གསོད་གཏོང་བའི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཨ་མེ་རི་ཁས་ལམ་ལུགས་ཐད་ནས་རང་རྒྱལ་ཁབ་ཀྱི་རྒྱལ་དམངས་ལ་གཉའ་གནོན་བྱེད་པ་དང་། མི་རིགས་དང་རིགས་རྒྱུད། ཆོས་ལུགས་བཅས་ཀྱི་བར་འགལ་བ་སློང་བཞིན་ཡོད་པར་མ་ཟད། ཨ་མེ་རི་ཁ་རུ་དྲག་སྤྱོད་དང་དེ་བཞིན་གནས་སྤོར་ཡུལ་མིར་མནར་གཅོད་གཏོང་བ་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་བའི་བྱ་སྤྱོད་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།