ཝུའུ་ཁི་ལན་གྱི་ས་ཆ་མང་བོར་འཕུར་མདའི་འཇབ་རྒོལ་ཐེབས་ནས་མེ་ཤུགས་གློག་འདོན་ཁང4ལ་གཏོར་སྐྱོན་ཚབས་ཆེན་བཟོས།
2024.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས27ཉིན། ཝུའུ་ཁི་ལན་མཁའ་དམག་གི་དམག་སྤྱི་ཆེན་མོ་ཨའོ་ལེ་ཞིའུ་ཁི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ཏེ་བཤད་རྒྱུར། ཚེས26ཉིན་གྱི་དགོང་མོ་ནས་ཚེས27ཉིན་གྱི་ཐོ་རེངས་བར་དུ། ཨུ་རུ་སིའི་དམག་དཔུང་གིས་མཁའ་དབྱིངས་དང་ས་ངོས། མཚོ་ཐོག་བཅས་ནས་ཝུའུ་ཁི་ལན་ལ་འཕུར་མདའ34འཕངས་ཟེར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཉུང་མཐར་ཡང་མེ་ཤུགས་གློག་འདོན་ཁང4ལ་གཏོར་སྐྱོན་ཚབས་ཆེན་བཟོས་པ་དང་། ལག་རྩལ་མི་སྣ་གཞན་དག་ལའང་རྨས་སྐྱོན་ཕོག་ཡོད་ཟེར།

ཨའོ་ལེ་ཞིའུ་ཁི་ཡིས་ཨུ་རུ་སིའི་དམག་དཔུང་གིས་འཕངས་པའི་འཕུར་མདའ་རིགས་སུ། “རལ་གྲི”རྟགས་མའི་སྒྲ་ཚད་མཐོ་བའི་འཕུར་མདའ་དང་། “དབྱི་སི་ཁན་ཏིར-K”སྐོར་ཞིབ་འཕུར་མདའ། སྐོར་ཞིབ་འཕུར་མདའ་སོགས་ཚུད་ཡོད། ཝུའུ་ཁི་ལན་ཕྱོགས་ཀྱི་དམག་འཐབ་གནམ་གྲུ་དང་མཁའ་ཟོན་འཕུར་མདའི་མ་ལག སྒུལ་བདེའི་མཁའ་ཟོན་མེ་ཤུགས། རྒྱལ་སྲུང་དམག་གི་གློག་རྡུལ་དམག་འཐབ་མཚོན་ཆ་བཅས་ཀྱིས་མཁའ་ཟོན་སྲུང་སྐྱོབ་ལས་དོན་སྤེལ་ཏེ། ཁྱོན་བསྡོམས་འཕུར་མདའ21བཀག་ཡོད།

ཚེས27ཉིན། ཝུའུ་ཁི་ལན་སྒེར་གཉེར་ནུས་ཁུངས་ཁེ་ལས་ཆེ་གྲས་ཏུན་པཱ་ཟི་འབར་རྫས་དང་ནུས་ཁུངས་ཀུང་ཟིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཀུང་ཟི་དེའི་ཁོངས་གཏོགས་ཀྱི་མེ་ཤུགས་གློག་འདོན་ཁང4ལ་འཕུར་མདའ་ཕོག་ནས་གཏོར་སྐྱོན་ཚབས་ཆེན་བཟོས་ཡོད་ཟེར།

ཚེས27ཉིན། ཝུའུ་ཁི་ལན་གྱི་ནུས་ཁུངས་པུའུ་ཡི་པུའུ་ཀྲང་ཅ་ལུའུ་ནན་ཁི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ཏེ་བཤད་རྒྱུར། ཏིས་ཉེ་པོ་ལའོ་པིས་ཏི་ལའོ་ཧྥུའུ་སི་ཁི་མངའ་སྡེ་དང་ལིས་ཝོ་ཧྥུའུ་མངའ་སྡེ། དབྱི་ཝན་ནའོ-ཧྥའོ་ལན་ཁི་ཧྥུའུ་སི་ཁི་མངའ་སྡེ་བཅས་ཀྱི་ནུས་ཁུངས་སྒྲིག་ཆས་ལ་འཕུར་མདའི་འཇབ་རྒོལ་ཕོག་པར་མ་ཟད། ལག་རྩལ་མི་སྣ་ལའང་རྨས་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།