དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲའི་དབུས་རྒྱུད་དང་ལྷོ་རྒྱུད་དུ་བར་སྣང་ནས་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི14བསད།
2024.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས27ཉིན། ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས26ཉིན་གྱི་དགོང་མོ་ནས་བཟུང་དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་བཟོ་བཀོད་མང་བོར་བར་སྣང་ནས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི14བསད་ཡོད་ཟེར།

སྤེལ་བའི་གནས་ཚུལ་ལྟར་ན། ཚེས26ཉིན་གྱི་དགོང་མོར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་ནུའུ་སའེ་ལའེ་ཐི་ཡུལ་གྱར་པའི་སྒར་ས་རུ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི8བསད་པ་དང་མི་བཅུ་ཕྲག་ཁ་ཤས་རྨས། ཚེས27ཉིན་གྱི་ཐོ་རེངས་ཀྱི་དུས་སུ། དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་ཡི་སྡོད་ཁང་ཞིག་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི6བསད་པའི་ཁྲོད་བྱིས་པ4ཚུད་ཡོད་ཟེར།

ཚེས27ཉིན། ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་སྤེལ་བའི་གསལ་བསྒྲགས་ལྟར་ན། ཚེས27ཉིན་གྱི་ཐོ་རེངས་དུས་སུ། དབྱི་སི་རལ་དམག་དཔུང་གིས་ཅོར་ཏན་གཙང་པོའི་ནུབ་ངོགས་ཀྱི་གྲོང་ཁྱེར་ཅེ་ཉིང་གི་ཞིབ་བཤེར་ས་ཚིགས་ཤིག་ཏུ་ཕ་ལེ་སི་ཐན་གྱི་མི་གཉིས་བསད་ཡོད་ཅིང་། དབྱི་སི་རལ་རྒྱལ་སྲུང་དམག་གིས་ཉིན་དེར་གསལ་བསྒྲགས་སྤེལ་ཏེ། དྲག་ཆས་མི་སྣ་གཉིས་ཀྱིས་དབྱི་སི་རལ་གྱི་རྟེན་གཞིར་མེ་མདས་བརྒྱབ་པར་རྐྱེན་བྱས་ནས། དབྱི་སི་རལ་གྱི་དམག་དཔུང་གིས་རྒོལ་ལན་སྤྲད་ནས་བསད་པ་ཡིན་ཞེས་བཤད།

ཚེས27ཉིན་གྱི་ཐོ་རེངས་དུས་སུ། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་གསལ་བསྒྲགས་སྤེལ་ཏེ། ཧ་མ་སིར་ཅཱ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་སྐོར་གྱི་དབྱི་སི་རལ་གྱི་ཨ་ལན་འབྱོར་ནས། མིག་སྔར་དོན་དེར་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་བསྒྲགས།

གཞན་ཡང་དབྱི་སི་རལ་གྱི་འཕྲིན་ལམ་བཅུ་གཉིས་པའི་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས26ཉིན། ཨེ་ཅིབ་འཐུས་ཚབ་ཚོགས་པས་དབྱི་སི་རལ་ཕྱོགས་དང་གྲོས་མོལ་བྱས་ནས། དབྱི་སི་རལ་ཕྱོགས་ཀྱིས་ཨེ་ཅིབ་བརྒྱུད་དེ་ཧ་མ་སིར་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་བླང་བྱ་བརྒྱུད་བསྒྲགས་བྱས་པར་མ་ཟད། དེ་ནི་དབྱི་སི་རལ་དམག་དཔུང་གིས་གྲོང་ཁྱེར་ལཱ་ཧྥ་ལ་ས་ངོས་དམག་དོན་བྱ་སྤྱོད་མ་སྤེལ་སྔོན་ལ། ཧ་མ་སིར་སྤྲད་པའི་གྲོས་མཐུན་བྱུང་མིན་གྱི“མཇུག་མཐའི་གོ་སྐབས”ཡིན་ཞེས་བསྒྲགས་ཡོད།

ཚེས25ཉིན། དབྱི་སི་རལ་སྤྱི་པའི་རྒྱང་སྒྲོག་ཀུང་ཟིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་ཕྱོགས་ཀྱིས་ཉིན་དེར་དམག་འཁྲུག་སྐབས་ཀྱི་ནང་སྲིད་ཁང་གི་ཚོགས་འདུའི་སྟེང་དུ། གྲོང་ཁྱེར་ལཱ་ཧྥ་ལ་ས་ངོས་དམག་དོན་བྱ་སྤྱོད་སྤེལ་རྒྱུའི་གྲ་སྒྲིག་འཐུས་ཚང་བྱས་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།