དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་གལ་ཏེ་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུའི་གྲོས་མཐུན་བཀོད་ན་ལཱ་ཧྥ་གྲོང་ཁྱེར་ལ་ས་ངོས་ནས་དམག་དོན་སྦྱོར་བ་སྤེལ་རྒྱུ་གནས་སྐབས་རིང་འགོར་འགྱངས་བྱ་རྒྱུ་ཡིན་ཟེར།
2024.04.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

ཟླ4པའི་ཚེས27ཉིན། དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཁཱ་ཚི་ཡིས་བཤད་རྒྱུར། གལ་ཏེ་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་བར་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུའི་གྲོས་འཆམ་བྱུང་བ་ཡིན་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་རུ་ས་ངོས་ནས་དམག་དོན་སྦྱོར་བ་སྤེལ་རྒྱུ་གནས་སྐབས་རིང་འགོར་འགྱངས་བྱ་རྒྱུ་ཡིན་ཟེར།

ཁཱ་ཚི་ཡིས་ཉིན་དེར་དབྱི་སི་རལ་གྱི་འཕྲིན་ལམ་བཅུ་གཉིས་པའི་བརྙན་འཕྲིན་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། ཅཱ་ཧྲ་ས་ཁུལ་དུ་བཀག་ཉར་བྱས་པའི་དབྱི་སི་རལ་གྱི་མི་རྣམས་ཕྱིར་གློད་གྲོལ་གཏོང་རྒྱུ་ནི་མིག་སྔའི་ལས་འགན་གཙོ་བོ་ཡིན། དབྱི་སི་རལ་གྱིས་ལཱ་ཧྥ་རུ་ས་ངོས་དམག་དོན་སྦྱོར་བ་སྤེལ་རྩིས་ཡོད་པའི་འཆར་གཞིའི་སྐོར་དྲིས་པ་ན། ཁ་ཚི་ཡིས“གལ་སྲིད་ཕན་ཚུན་བར་གྲོས་མཐུན་བྱུང་བ་ཡིན་ན། གཞི་ནས་ས་ངོས་དམག་དོན་སྦྱོར་བ་དེའི་རིགས་འགོར་འགྱངས་གཏོང་རྒྱུ་ཡིན”ཟེར།

འཕྲིན་ལམ་བཅུ་གཉིས་པའི་བརྙན་འཕྲིན་ལས་ཁུངས་ཀྱིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ཚེས26ཉིན། ཨེ་ཅིབ་འཐུས་ཚབ་ཚོགས་པས་དབྱི་སི་རལ་ཕྱོགས་དང་གྲོས་མོལ་བྱས་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་ཨེ་ཅིབ་བརྒྱུད་དེ་ཧ་མ་སི་ལ་དབྱི་སི་རལ་གྱིས་དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་མཐུན་བླང་བྱ་བརྒྱུད་བསྒྲགས་བྱས་པར་མ་ཟད། གྲོས་མཐུན་དེ་ནི་དབྱི་སི་རལ་དམག་དཔུང་གིས་ལཱ་ཧྥ་གྲོང་ཁྱེར་ལ་ས་ངོས་དམག་དོན་སྦྱོར་བ་མ་སྤེལ་སྔོན་བཏོན་པའི། ཕན་ཚུན་བར་གྲོས་མཐུན་བྱུང་མིན་གྱི“མཇུག་མཐའི་གོ་སྐབས”ཡིན་ཟེར། ཚེས27ཉིན་གྱི་ཐོ་རེངས་དུས་སུ། ཧ་མ་སིས་གསལ་བསྒྲགས་སྤེལ་ཏེ། ཧ་མ་སི་ལ་ཅཱ་ཧྲ་ས་ཁུལ་གྱི་དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་མཐུན་སྐོར་གྱི་དབྱི་སི་རལ་གྱི་ཨ་ལན་འབྱོར་ཡོད་ཅིང་། མིག་སྔར་དེར་ཞིབ་འཇུག་བྱེད་བཞིན་ཡོད་ཟེར།

ཚེས25ཉིན། དབྱི་སི་རལ་སྤྱི་པའི་རླུང་འཕྲིན་ཀུང་ཟིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་ཕྱོགས་ཀྱིས་ཉིན་དེར་དམག་འཁྲུག་སྐབས་ཀྱི་ནང་བློན་ཁང་གི་ཚོགས་འདུའི་སྟེང་དུ། ལཱ་ཧྥ་གྲོང་ཁྱེར་ལ་ལ་ས་ངོས་དམག་དོན་སྦྱོར་བ་སྤེལ་རྒྱུའི་གྲ་སྒྲིག་ཚགས་སུ་ཆུད་ཡོད་ཟེར། དབྱི་སི་རལ་རྒྱལ་སྲུང་དམག་གི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་ཧ་ལའེ་ཝེ་ཡིས་བཤད་རྒྱུར། ལཱ་ཧྥ་གྲོང་ཁྱེར་ལ་དམག་དོན་སྦྱོར་བ་སྤེལ་མིན་གྱི་འཆར་གཞི་དེ“ཆབ་སྲིད་རིམ་ངོས”སུ་སྤྲད་ཟིན་པ་དང་། དམག་ཕྱོགས་ཀྱིས་བཀའ་རྒྱ་འབྱོར་རྗེས་བྱ་སྤྱོད་སྤེལ་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།