ཨ་མེ་རི་ཁས་ཆ་ཏེ་དང་ནི་ཀྲིར་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་རེད།
2024.04.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས26ཉིན། ཨ་མེ་རི་ཁའི་ཇུས་འདོན་དཔོན་མཉམ་འབྲེལ་ཚོགས་འདུའི་ཀྲུའུ་ཞི་ཁྲ་ཨར་སི·པུའུ་ལང་གིས། ཨ་མེ་རི་ཁས་ཆ་ཏེ་དང་ནི་ཀྲིར་ནས་བཅའ་སྡོད་དམག་དཔུང་མང་ཆེ་བ་ཕྱིར་འཐེན་བྱ་རྒྱུ་ཡིན་པ་ཁས་བླངས།

པུའུ་ལང་གིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་བསྡུས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་དུ། ཐག་གཅོད་དེ་ནི་ཨ་མེ་རི་ཁའི་དམག་དཔུང་གིས“འགྱུར་ལྡོག་ཟམ་མི་ཆད་པར་འབྱུང་བཞིན་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ་ལེགས་སྒྲིག་མི་བྱེད་ཐབས་མེད་བྱུང་བའི”ལེགས་སྒྲིག་ཅིག་ཡིན། དེ་ལྟར་ཡིན་ནའང་ཨ་མེ་རི་ཁའི་དམག་དཔུང་གིས་སྔར་བཞིན་ཨ་ཧྥེ་རི་ཁ་རུ། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་འགན་སྒྲུབ་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་ལས་བྱ་རྒྱུ་ཡིན་པར་མ་ཟད། ཨ་ཧྥེ་རི་ཁ་རུ་ཨ་མེ་རི་ཁའི་ཤུགས་རྐྱེན་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཟེར།

ཚེས25ཉིན། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཕ་ཐི་ལིས་ཁི·ལའེ་ཏི་ཡིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་དུ། ཨ་མེ་རི་ཁའི་ཨ་ཧྥེ་རི་ཁ་རུ་སྡོད་པའི་དམག་སྤྱི་ཆེན་མོས། ཆ་ཏེ་རུ་བཅའ་སྡོད་བྱས་ཡོད་པའི་ཨ་མེ་རི་ཁའི་དམག་དཔུང་ལེགས་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། བཅའ་སྡོད་དམག་དཔུང་ཁག་གཅིག་ཕྱིར་འཐེན་བྱེད་པའི་དུས་ཚོད་ཀྱང་གཏན་འཁེལ་བྱས་ཟིན་པར་མ་ཟད། ཨ་མེ་རི་ཁ་ཕྱོགས་ཀྱིས་འཆར་གཞི་དེའི་སྐོར་ནས་ཆ་ཏེའི་དཔོན་རིགས་བར་གྲོས་བསྡུར་བྱེད་བཞིན་ཡོད་ཟེར།  ཁོས་ད་དུང་ལེགས་སྒྲིག་དེ“གནས་སྐབས་ཀྱི་བྱེད་ཐབས”ཙམ་ཡིན་པ་དང་། ཆ་ཏེ་ཡིས་ཟླ5པའི་ཚེས6ཉིན་ཙུང་ཐུང་འདེམས་བསྐོ་བྱས་རྗེས། ཨ་མེ་རི་ཁ་དང་ཆ་ཏེ་གཉིས་ཀྱིས་ཕྱོགས་གཉིས་ཀའི་བདེ་འཇགས་མཉམ་ལས་ཐད་ཡང་བསྐྱར་གྲོས་ཞིབ་བྱ་རྒྱུ་ཡིན་ཟེར།

ལའེ་ཏི་ཡིས་ད་དུང་ནི་ཀྲིར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་དང་ཨ་མེ་རི་ཁའི་ཨ་ཧྥེ་རི་ཁའི་དམག་སྤྱི་པུའུ་ཡིས་ཚེས25ཉིན། ནི་ཀྲིར་གྱི་རྒྱལ་ས་ཉི་ཡ་མེ་རུ་ནི་ཀྲིར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་སྐོར་ནས་གྲོས་བསྡུར་བྱེད་འགོ་བརྩམས་ཡོད་པ་དང་།  ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མཐོ་རིམ་དཔོན་རིགས་གཉིས་ཀྱིས་གཟའ་འཁོར་རྗེས་མར་ཉི་ཡ་མེ་རུ། ནི་ཀྲིར་ཕྱོགས་དང་མཉམ་དུ་དམག་དཔུང་ཕྱིར་འཐེན་བྱེད་པའི་འཕེལ་རིམ་ལ་སྔར་ལས་མཐུན་སྦྱོར་བྱ་རྒྱུ་ཡིན་ཟེར།

《ཉིའུ་ཡའོ་སྐབས་དོན་ཚགས་པར》སྟེང་ཨ་མེ་རི་ཁའི་དཔོན་རིགས་ཀྱི་གནས་ཚུལ་དྲངས་པ་ལྟར་ན། ཨ་མེ་རི་ཁས་ཆ་ཏེ་ནས་སྐམ་དམག་དམིགས་བསལ་དམག་དཔུང་གི་དཔོན་དམག75ཙམ་ཕྱིར་འཐེན་བྱ་རྒྱུ་དང་། ནི་ཀྲིར་ནས་བཅའ་སྡོད་དམག་མི1000ལྷག་ཕྱིར་འཐེན་བྱ་རྒྱུའི་འཆར་གཞི་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།