འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་དམིགས་བསལ་གྲོས་ཚོགས་ཚེས28ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་ཚོགས་མགོ་བརྩམས། གཙོ་བོ་འཛམ་གླིང་ཡོངས་ཀྱི་མཉམ་ལས་དང་འཕར་སྣོན། ནུས་ཁུངས་བཅས་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་། ཇི་ལྟར་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ནས་གསོན་ཤུགས་དང་ལྡན་པའི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཛུགས་པའི་ཐད་ནས་གྲོས་བསྡུར་བྱས།
འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཙུང་ཚེ་པུའུ་ལོན་ཏི་ཡིས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ས་ཁུལ་གྱི་ཆབ་སྲིད་གནས་བབ་ཛ་དྲག་ཡིན་པ་དང་སྤྱི་ཚོགས་དཔལ་འབྱོར་གྱི་བར་ཁྱད་དབང་གིས་འཛམ་གླིང་ཡོངས་ཀྱི་འགལ་བ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པས། རྒྱལ་སྤྱིའི་མཉམ་ལས་དང་དམིགས་སའི་རང་བཞིན་ལྡན་པའི་གྲོས་མོལ་དེ་སྔར་ལས་གལ་འགངས་ཆེ་བར་མངོན་ཡོད། ཐེངས་འདིའི་དམིགས་བསལ་གྲོས་ཚོགས་ཀྱིས་ལས་རིགས་སོ་སོ་དང་ས་ཁུལ་སོ་སོའི་མགོ་ཁྲིད་པར་གོ་སྐབས་འདོན་སྤྲོད་བྱས་ཡོད་པ་དང་། འགྲན་རྩོད་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱས་ཡོད་ཟེར།
སོ་ཏི་ཨ་རབ་ཀྱི་དཔལ་འབྱོར་དང་འཆར་འགོད་ཀྱི་བློན་ཆེན་དབྱེ་པུའུ་ལཱ་ཞིན་གྱིས་བསྟན་དོན། རྒྱལ་སྤྱིའི་མཉམ་ལས་དར་སྤེལ་བྱེད་པ་སྔར་ལས་གལ་ཆེ་བར་མངོན། འཕར་སྣོན་ནི་མིག་སྔའི་ལས་འགན་གཙོ་བོ་ཡིན་པ་དང་། ནུས་ཁུངས་ནི་དཔལ་འབྱོར་གྱི་གནད་འགག་གི་གྲུབ་ཆ་ཞིག་ཡིན་པས། ངེས་པར་དུ་འགན་ཁུར་བའི་བྱེད་ཐབས་ཀྱིས་ཐོན་སྐྱེད་དང་འཛད་སྤྱོད་བྱེད་དགོས། ཁོས་དག་གཙང་ནུས་ཁུངས་ཐད་མ་དངུལ་བཏང་ནས་ནུས་ཁུངས་འདྲ་མཉམ་ངང་ཐོབ་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཙུང་ཚེ་ཀི་ཨོ་ཨར་ཅི་ཡེ་ཝ་ཡིས་རྒྱལ་ཁབ་སོ་སོས་རྒྱུན་མཐུད་ཀྱི་བྱེད་ཐབས་སྤྱད་ནས་བུ་ལོན་གནད་དོན་ཐག་གཅོད་བྱེད་པར་བསམ་བློ་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོ་མོས་བཤད་རྒྱུར། ཨ་མེ་རི་ཁས་བུ་ལོན་ཇེ་མཐོར་གཏོང་བའི་དགོས་མཁོར་བསམ་བློ་བཏང་སྟེ། ནོར་སྲིད་ཐད་ནས་བྱེ་བྲག་གི་འགན་འཁྲིའི་འདུ་ཤེས་ཡོད་དགོས་ཟེར། ཁོ་མོས་ད་རུང་བསྟན་དོན། ང་ཚོས་ཉོ་ཚོང་ལ་སྐུལ་འདེད་བཏང་ནས་མ་རྩ་དེ་སྔར་ལས་འཁོར་སྐྱོད་གང་ལེགས་བྱེད་དུ་འཇུག་དགོས་ཟེར།
གྲོས་ཚོགས་ནས་ད་རུང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་གནས་བབ་བཅས་ལ་དོ་སྣང་བྱས། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་སྤེལ་ཏེ། རྒྱལ་སྤྱིའི་གྲོས་ཚོགས་སོགས་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པ་དང་། ཕཱ་ལེ་སི་ཐན་ལ་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།
ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། བསྡོམས་པས་རྒྱལ་ཁབ་དང་ས་ཁུལ་དྲུག་ཅུ་ལྷག་ནས་ཡོང་བའི་མི་ཉིས་བརྒྱ་དང་ཉི་ཤུ་ལྷག་གྲོས་ཚོགས་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།