ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཏཱ་ཨར་ཙུང་ལི་གཞོན་པར་བསྐོ་འཇོག་བྱས།
2024.04.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ཁི་སི་ཐན་གྱི་ནེ་ཀིའི་དྲུང་ཡིག་ཁྲུའུ་ཡིས་ཚེས28ཉིན་སྤྱི་སྒྲོག་སྤེལ་ཏེ། ཕྱི་འབྲེལ་བློན་ཆེན་ཏཱ་ཨར་ཙུང་ལི་གཞོན་པར་བསྐོ་འཇོག་བྱས་པ་ཁྱབ་བསྒྲགས་བྱས།

སྤྱི་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཡིས་ཕྱི་འབྲེལ་བློན་ཆེན་ཏཱ་ཨར་ཕཱ་ཁི་སི་ཐན་གྱི་ཙུང་ལི་གཞོན་པར་བསྐོ་འཇོག་བྱས་པ་དང་། ཉིན་དེ་ནས་བཟུང་འགན་ཁུར་རྒྱུ་རེད་ཟེར། སྤྱི་སྒྲོག་ལས་ཏཱ་ཨར་གྱིས་ལས་འགན་གསར་བ་དེ་ཁུར་རྗེས་ཀྱི་བྱེ་བྲག་གི་འགན་འཁྲི་མཚམས་སྦྱོར་བྱས་མེད་པ་དང་། ཏཱ་ཨར་གྱིས་ཞོར་དུ་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་མིན་ཡང་གསལ་བཤད་བྱས་མེད།

ཏཱ་ཨར་གྱིས་སྔོན་ཆད་ཐེངས་མང་བོར་ཕཱ་ཁི་སི་ཐན་གྱི་ནོར་སྲིད་བློན་ཆེན་གྱི་འགན་ཁུར་མྱོང་བ་དང་། ད་ལོའི་ཟླ་གསུམ་པ་ནས་བཟུང་ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཕཱ་ཁི་སི་ཐན་སྲིད་གཞུང་གི་ལོ་རྒྱུས་སྟེང་ཙུང་ལི་གཞོན་པ་བསྐོ་འཇོག་བྱས་པའི་གནས་ཚུལ་ཉུང་བ་དང་། སྔོན་ཆད་ཀྱི་ཙུང་ལི་གཞོན་པ་བསྐོ་འཇོག་བྱས་པའི་འགན་ཡུན་ནི་ཉིས་སྟོང་བཅུ་གཉིས་ལོའི་ཟླ་དྲུག་པ་ནས་ཉིས་སྟོང་བཅུ་གསུམ་ལོའི་ཟླ་གསུམ་པའི་བར་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།