ཐེ་གོའི་ནེ་ཀིས་བཅོས་སྒྲིག་བྱས་ནས་ལས་གནས་མང་བོར་ལེགས་སྒྲིག་བྱས།
2024.04.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཐེ་གོའི་སྲིད་གཞུང་གི་རྩ་ཁྲིམས་ཚགས་པར་དྲ་ཚིགས་ཀྱིས་ཚེས་ཉེར་བརྒྱད་ཉིན་སྤེལ་བའི་འབྲེལ་ཡོད་ནེ་ཀིའི་བཅོས་སྒྲིག་སྐོར་གྱི་སྤྱི་སྒྲོག་ལྟར་ན། ཙུང་ལི་གཞོན་པ་དང་ཙུང་ལིའི་བཞུགས་ཤག་གི་པུའུ་ཀྲང་སོགས་ལས་གནས་མང་བོར་ལེགས་སྒྲིག་བྱས།

སྤྱི་སྒྲོག་ལས་བཤད་རྒྱུར། ཙུང་ལི་སེ་ཐཱ་ཡིས་ནེ་ཀིའི་བཅོས་སྒྲིག་བྱས་ནས་སྲིད་གཞུང་གི་སྲིད་སྐྱོང་ལ་ཕན་པར་བྱེད་དགོས་པའི་གྲོས་གཞི་བཏོན། ཐེ་གོའི་རྒྱལ་བོས་རྩ་ཁྲིམས་གཞིར་བཟུང་ནས་སྤྲད་པའི་བཅོས་སྒྲིག་མིང་ཐོར་ཆོག་མཆན་བཀོད་པ་དང་། འབྲེལ་ཡོད་ཀྱི་ལེགས་སྒྲིག་བྱ་བ་མྱུར་མོར་ནུས་ལྡན་དུ་འགྱུར་ངེས་རེད།

སྤྱི་སྒྲོག་ལྟར་ན། ཐེངས་འདིའི་བཅོས་སྒྲིག་ལས་བསྡོམས་པས་ནེ་ཀིའི་ཁོངས་མི་གསར་བ་དྲུག་བསྐོ་འཇོག་བྱས་པ་དང་། དེའི་ནང་ཐེ་གོའི་དངུལ་འཛིན་ཉོ་ཚོང་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་ཕིས་ཚེ་ཡིས་ཙུང་ལི་གཞོན་པའམ་ནོར་སྲིད་པུའུ་ཀྲང་གི་འགན་ཁུར་རྒྱུ་ཡིན་པ་དང་། དེའི་སྔོན་དུ་ནོར་སྲིད་པུའུ་ཀྲང་གི་ལས་འགན་དེ་སེ་ཐཱ་ཡིས་ཞོར་དུ་ཁུར་ཡོད། ཙུང་ལིའི་བློ་འདོན་པ་ཕིས་ཅི་དང་ནེ་ཀིའི་བུད་མེད་ཁོངས་མི་གསར་བ་ཅི་ལཱ་ཕིན་གྱིས་ཙུང་ལིའི་བཞུགས་ཤག་གི་པུའུ་ཀྲང་གི་འགན་ཁུར་རྒྱུ་ཡིན་ལ། སྔོན་ཆད་ཀྱི་འཕྲོད་བསྟེན་པུའུ་ཀྲང་ཁྲུང་ལཱ་ནན་དང་ཙུང་ལིའི་བཞུགས་ཤག་གི་པུའུ་ཀྲང་ཁྲུང་ཕའེ་སོགས་ནེ་ཀིའི་ཁོངས་མི་བཞིའི་ལས་འགན་བླངས་ཡོད་ལ། སྔོན་ཆད་ཀྱི་ཙུང་ལི་གཞོན་པ་སུང་སཱ་ཡིས་འཕྲོད་བསྟེན་པུའུ་ཀྲང་གི་འགན་ཁུར་རྒྱུ་རེད། དེ་ལས་གཞན་སྔོན་ཆད་ཀྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་པན་པུས་ཀྱིས་ཙུང་ལི་གཞོན་པའི་འགན་ཁུར་རྒྱུ་མིན་ཡང་པུའུ་ཀྲང་གི་ལས་འགན་སོར་འཇོག་བྱེད་རྒྱུ་རེད་ཟེར། སྤྱི་སྒྲོག་དེ་སྤེལ་ནས་ཅང་མ་འགོར་བར། ཐེ་གོའི་སྨྱན་བྱད་མང་བོས་བསྒྲགས་པ་ལྟར་ན། པན་པུས་ཀྱིས་སེ་ཐཱ་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་དེ། ཉིན་དེ་ནས་བཟུང་ཕྱི་འབྲེལ་པུའུ་ཀྲང་གི་འགན་སྐྱུར་རྒྱུ་ཡིན་ཟེར།

སེ་ཐཱ་ཡིས་ན་ནིང་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་སྤེལ་བའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་ཞོལ་གཉིས་ཀྱི་མཉམ་ཞུགས་གྲོས་ཚོགས་ཀྱི་འདེམ་ཤོག་འཕེན་སྐབས་ཕྱེད་གྲངས་ཡན་གྱི་གྲོས་མིའི་རྒྱབ་སྐྱོར་ཐོབ་ནས། ཐེ་གོའི་སྐབས་གསར་བའི་ཙུང་ལིར་བདམས་ཐོན་བྱུང་བ་ཡིན་ལ། དེ་ནི་སེ་ཐཱ་ཡིས་ན་ནིང་ཟླ་དགུ་བར་དམ་བཅའ་བཞག་ནས་ནས་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ནེ་ཀི་བཅོས་སྒྲིག་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།