ཨ་མེ་རི་ཁའི་ཨིག་ཁི་ལཱ་ཧི་མཱ་མངའ་སྡེ་རུ་དྲག་རླུང་གི་འཇབ་རྒོལ་ཐེབས་ནས་ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར།
2024.04.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཨིག་ཁི་ལཱ་ཧི་མཱ་མངའ་སྡེའི་མགོ་བ་སི་ཏིས་ཐི་ཡིས་ཚེས28ཉིན་བཤད་རྒྱུར། ཨིག་ཁི་ལཱ་ཧི་མཱ་མངའ་སྡེ་རུ་ཚེས་ཉེར་བདུན་ཉིན་གྱི་ནམ་གུང་ནས་ཚེས་ཉེར་བརྒྱད་ཉིན་བར་དྲག་རླུང་གི་འཇབ་རྒོལ་ཐེངས་མང་ཐེབས་ནས། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་གཅིག་འདུས་ཟེར།

སི་ཏིས་ཐི་ཡིས་ཉིན་དེར་སྲིད་འཛིན་བཀའ་རྒྱ་སྤེལ་ནས་ཁྱབ་བསྒྲགས་བྱས་དོན། ནམ་ཟླ་མི་ལེགས་པའི་དབང་གིས་མངའ་སྡེ་དེའི་རྫོང་བཅུ་གཉིས་ཀྱིས་དོགས་ཟོན་མཐོར་འདེགས་བྱས་ཡོད་ཟེར།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨིག་ཁི་ལཱ་ཧི་མཱ་མངའ་སྡེའི་རྫོང་མང་བོས་ཚེས་ཉེར་བརྒྱད་ཉིན་དྲག་རླུང་གི་འཇིགས་པ་ཐེབས་ནས་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བྱས་ཡོད། དེའི་ནང་ཨིག་ཁི་ལཱ་ཧི་མཱ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཨིག་ཁི་ལཱ་ཧི་མཱའི་ལྷོ་ངོས་ཀྱི་སྤྱི་ལེ་བརྒྱ་དང་སོ་བདུན་མཚམས་སུ་ཡོད་པའི་སཱ་ཨར་ཧྥེ་གྲོང་ཁྱེར་དུ། དྲག་རླུང་ལས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་ཅུ་ཙམ་ལ་རྨས་ཕོག་ཡོད་ལ། སྲང་ལམ་བཅོ་ལྔ་ཙམ་ལ་ཚད་མི་འདྲ་བའི་གཏོར་བརླག་ཐེབས་ཡོད་ལ། སྡོད་ཁང་མང་བོར་གཏོར་བཤིག་ཐེབས་ཡོད་པར་མ་ཟད། གྲོང་ཁྱེར་དེས་ཆུ་ལོག་འབྱུང་བའི་ཉེན་བརྡ་བཏང་ཡོད་ཟེར།

ཨ་མེ་རི་ཁའི་གློག་ཆད་པའི་དྲ་ཚིགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་བརྒྱད་ཉིན་གྱི་ཉིན་གུང་བར། ཨིག་ཁི་ལཱ་ཧི་མཱ་མངའ་སྡེ་རུ་ཁྱིམ་ཚང་ཁྲི་གསུམ་ལ་གློག་ཆད་ཡོད།

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཚེས་ཉེར་དྲུག་ཉིན་གྱི་ཚུན་ལ། ནེ་པུའུ་ལཱ་སི་ཅཱ་དང་ཨེ་ཨོ་ཝ། ཁན་སཱ་སི། མུས་སུའུ་ལི་སོགས་ཨ་མེ་རི་ཁའི་དབུས་ནུབ་ཕྱོགས་ཀྱི་མངའ་སྡེ་མང་བོར་དྲག་རླུང་གི་འཇིགས་པ་ཐེབས་པར་སྙན་ཞུ་བྱས་ཡོད། ནེ་པུའུ་ལཱ་སི་ཅཱ་མངའ་སྡེ་དང་ཨེ་ཨོ་ཝ་མངའ་སྡེའི་གནོད་ཐེབས་གནས་ཚུལ་ཚབས་ཆེན་ཡིན་ཞིང་། ཁང་བ་མང་བོར་གཏོར་བཤིག་ཐེབས་ཡོད་ལ། མང་ཚོགས་རེ་འགར་རྨས་ཕོག་ཡོད། མངའ་སྡེ་དེ་གཉིས་ཀྱི་ས་ཁུལ་སྐོར་ཞིག་གིས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཡོད། དེ་ལས་གཞན་ཨ་ཁུན་སི་མངའ་སྡེ་དང་ཏི་ཁི་སཱ་སི་མངའ་སྡེའི་ས་ཁུལ་རེ་འགར་ཡང་དྲག་རླུང་གི་འཇིགས་པ་ཐེབས་ཡོད། ཚེས་ཉེར་བརྒྱད་ཉིན་གྱི་ཉིན་གུང་བར། ཏི་ཁི་སཱ་སི་མངའ་སྡེའི་ཁྱིམ་ཚང་ཁྲི་ལྔ་དང་སྟོང་གཉིས་ཙམ་ལ་གློག་ཆད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།