པཱ་ཞིའི་ཤར་ལྷོའི་ས་ཁུལ་ནས་འགྲུལ་སྐྱེལ་རླངས་འཁོར་ཞིག་ལོག་ནས་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་སོ་གཉིས་ལ་རྨས་ཕོག
2024.04.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

པཱ་ཞིའི་ས་གནས་མེ་གསོད་ཅུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། པཱ་ཞིའི་ཤར་ལྷོ་ཕྱོགས་ཀྱི་མུས་ནཱ་སི་ཅི་ལཱ་སི་མངའ་སྡེའི་མཱེ་ཏིས་ནཱ་གྲོང་ཁྱེར་ཉེ་འདབས་སུ་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ལོག་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་གཉིས་ལ་རྨས་ཕོག་ཡོད་ཟེར།

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་རྒྱལ་ཕྲན་མཉམ་འབྲེལ་གཞུང་ལམ་གཅིག་གཅིག་དྲུག་པའི་མཱེ་ཏིས་ནཱ་གྲོང་ཁྱེར་དང་དབྱེ་ཐའོ་པེན་གྲོང་ཁྱེར་གཅིག་ཏུ་སྦྲེལ་བའི་གཞུང་ལམ་སྟེང་བྱུང་བ་དང་། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དེས་འགྲུལ་བ་ང་བཞི་དྲུད་ཡོད་ལ། རྐྱེན་ལམ་དུ་ཤོར་བ་ལ་བུད་མེད་གསུམ་དང་སྐྱེས་པ་གཅིག་འདུས་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། རྨས་མའི་ཁྲོད་དུ་མི་གཉིས་ཀྱི་རྨས་སྐྱོན་ཚབས་ཆེན་ཡིན་པ་དང་། ཚེས་ཉེར་བརྒྱད་ཉིན་ཉེ་འདབས་ཀྱི་གྲོང་ཁྱེར་ཐི་ཨོ་ཧྥེ་ལུའུ་ཨོ་ཐའོ་ནེ་ཡི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད།

རྒྱལ་ཕྲན་མཉམ་འབྲེལ་གཞུང་ལམ་ཉེན་རྟོག་པའི་སྙན་ཞུ་ལས་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དེ་པཱ་ཞིའི་བྱང་ཤར་ཕྱོགས་ཀྱི་པའོ་ནན་པུའུ་ཀི་མངའ་སྡེའི་ཁཱ་ལུའུ་ཨ་ལུའུ་གྲོང་ཁྱེར་ནས་ཆས་ཏེ་ཧྲིན་པའོ་ལོ་གྲོང་ཁྱེར་དུ་བགྲོད་བཞིན་ཡོད་པ་དང་། མཱེ་ཏིས་ནཱ་ཉེ་འདབས་སུ་བགྲོད་སྐབས་ཁ་ལོ་བས་རླངས་འཁོར་ཁ་ལོ་བྱེད་ཐབས་བྲལ་ནས། ལམ་འགྲམ་གྱི་འགོག་རར་ཐོ་བརྒྱབ་རྗེས་ལོག་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།