ཕཱ་ཁི་སི་ཐན་གྱིས་ཏཱ་སུའུ་འཇིགས་སྐུལ་དོན་རྐྱེན་བཟོས་པའི་འཇིགས་སྐུལ་ཉེས་ཅན་བཞི་འཛིན་བཟུང་བྱས།
2024.04.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་དགུ་ཉིན་བཤད་རྒྱུར། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཏཱ་སུའུ་ཆུ་གློག་ས་ཚིགས་ཀྱི་ལས་གཞིའི་རླངས་འཁོར་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་ནང་ཞུགས་པའི་དོགས་ཡོད་འཇིགས་སྐུལ་ཉེས་ཅན་བཞི་འཛིན་བཟུང་བྱས་ཡོད་ཟེར།

ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱི་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྟོག་ཞིབ་བྱེད་པར་ཆེད་དུ་བཙུགས་པའི་མཉམ་འབྲེལ་རྟོག་ཞིབ་ཚན་ཆུང་གི་མགོ་ཁྲིད་འོག འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་གསང་འཕྲིན་གཞིར་བཟུང་ནས་ཐེངས་འདིའི་འཛིན་བཟུང་འགུལ་སྐྱོད་སྤེལ་བ་ཡིན་ལ། འཛིན་བཟུང་བྱས་པའི་འཇིགས་སྐུལ་ཉེས་ཅན་བཞི་བོ་ནི་ཕཱ་ཁི་སི་ཐན་ཐཱ་ལེ་པན་ཞེས་པའི་འཇིགས་སྐུལ་རྩ་འཛུགས་ཀྱི་ཁོངས་སུ་གཏོགས་པ་དང་། ཚང་མ་ཞིང་ཆེན་དེའི་མན་སེ་ཧི་ལ་ས་ཁུལ་ནས་ཡོང་བ་རེད་ཟེར།

གསལ་སྒྲོག་ལས་འཇིགས་སྐུལ་ཉེས་ཅན་བཞི་བོའི་མིང་ཁྱབ་བསྒྲགས་བྱས་ཀྱང་། གྱོད་དོན་དེར་རྟོག་ཞིབ་བྱས་པའི་བྱེ་བྲག་གི་གནས་ཚུལ་གསལ་བོར་བསྒྲགས་མེད་ཟེར།

ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། ཀྲུང་གོ་ཕྱོགས་ཀྱི་ཁེས་ལས་ཀྱིས་འཛུགས་སྐྲུན་གྱི་འགན་ཁུར་བའི་ཕཱ་ཁི་སི་ཐན་གྱི་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ཏཱ་སུའུ་ཆུ་གློག་ས་ཚིགས་ཀྱི་ལས་གཞིའི་རླངས་འཁོར་དག་ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ཐན་པའོ་ནས་ལས་གཞིའི་ཡུལ་དངོས་སུ་འགྲོ་བའི་ལམ་བར་ནས་འཇིགས་སྐུལ་འཇབ་རྒོལ་ཐེབས་ཏེ། ཀྲུང་གོའི་མི་ལྔ་དང་ཕཱ་ཁི་སི་ཐན་གྱི་མི་གཅིག་རྐྱེན་ལམ་དུ་ཤོར་བ་རེད།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་དོན་རྐྱེན་བྱུང་རྗེས་ཕཱ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དུ་སོང་ནས་ཐེངས་འདིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཀྲུང་གོའི་སྤྱི་དམངས་ལ་མྱ་ངན་ཞུས་པར་མ་ཟད། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཤུགས་ཆེན་པོས་ཀྲུང་གོའི་ཕྱོགས་དང་མཉམ་དུ་རྗེས་མཐུད་ཀྱི་བྱ་བ་བཟང་བོར་བསྒྲུབས་པ་དང་། ལག་དམར་རྩད་གཅོད་ནན་མོ་བྱས་ནས་དེར་ཆད་གཅོད་ནན་མོ་བྱེད་རྒྱུ་མ་ཟད། སྔར་ལས་ལྷག་པའི་བྱེད་ཐབས་སྤྱད་ནས་ཕྱོགས་ཡོངས་ནས་ཕཱ་ཁི་སི་ཐན་དང་ཀྲུང་གོའི་མི་སྣ་དང་ལས་གཞི། ལས་ཁུངས་བཅས་ཀྱི་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།