ཕེ་རུའི་ཨན་ཏིས་སི་འཕྲིན་གཏོང་ཁང་གིས་ཚེས་ཉེར་དགུ་ཉིན་བསྒྲགས་པ་ལྟར་ན། ཞིང་ཆེན་བར་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་ཕེ་རུའི་བྱང་ཕྱོགས་ཀྱི་ཁཱ་ཧཱ་མཱ་ཁཱ་ས་ཁུལ་ཆེན་མོ་ནས་བྲག་རོང་དུ་ལྷུང་སྟེ། མིག་སྔར་དོན་རྐྱེན་དེ་ལས་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གསུམ་ལ་རྨས་ཕོག་ཡོད་ཟེར།
བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ཁཱ་ཧཱ་མཱ་ཁཱ་ས་ཁུལ་ཆེན་མོའི་ལྷོ་ངོས་ཀྱི་སེ་ལོན་ཏེན་ཞིང་ཆེན་ནས་བྱུང་བ་དང་། འགྲུལ་བ་ལྔ་བཅུ་ཙམ་དྲུད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ལམ་དུ་བགྲོད་སྐབས་ལམ་འགྲམ་ལས་བརྒལ་ནས་མཐོ་ཚད་ལ་རྨིད་ཉིས་བརྒྱ་ཙམ་ཡོད་པའི་བྲག་རོང་དུ་ལྷུང་རྗེས་ཆུའི་ནང་དུ་ལྷུང་ནས། མི་སྣར་ཤི་རྨས་ཚབས་ཆེན་ཐེབས་པ་རེད་ཟེར།
སེ་ལོན་ཏེན་ཞིང་ཆེན་གྱི་འགྲིམ་འགྲུལ་འཕྲིན་གཏོང་སྡེ་ཁག་གི་འགན་ཁུར་བ་ཨེ་ལོས་ལཱ་ཡིས་བཤད་རྒྱུར། འགྲུལ་བ་ལ་ལ་ཆུས་ཁུར་ཡང་སྲིད། མིག་སྔར་རྐྱེན་ལམ་དུ་ཤོར་བའི་མི་གྲངས་གསལ་བོར་ཤེས་ཐབས་མེད་ཟེར། ཉེན་རྟོག་དང་མེ་གསོད་མི་སྣས་སྔར་བཞིན་དོན་རྐྱེན་བྱུང་སར་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ལ། འདས་པོའི་ཁ་གྲངས་ཇེ་མང་དུ་འགྲོ་ཡང་སྲིད། རྨས་མ་སྐོར་ཞིག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ཡོད་ཟེར།
སེ་ལོན་ཏེན་ཞིང་ཆེན་སྲིད་གཞུང་གིས་ཚེས་ཉེར་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས། ཕེ་རུའི་ཞིབ་བཤེར་ལས་ཁུངས་ཀྱིས་གོམ་གང་མདུན་སྤོས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།