ཀྲུང་གོ་དང་སེར་ཝེ་ཡཱའི་རིག་གནས་བརྗེ་རེས་གླེང་སྟེགས་ཐོག་མ་ཚེས་ཉེར་དགུ་ཉིན་སེར་ཝེ་ཡཱའི་རྒྱལ་ས་པེ་ཨར་ཀི་ལའེ་ཏི་ནས་སྤེལ། ཀྲུང་གོ་དང་སེར་ཝེ་ཡཱ་རྒྱལ་ཁབ་གཉིས་ཀྱི་ཆེད་མཁས་པ་དང་སྲིད་གཞུང་དང་ལས་རིགས་ཀྱི་འཐུས་མི་བཅས་མི་ལྔ་བཅུ་ཙམ་ལྷན་དུ་འཛོམས་ནས། ཀྲུང་གོ་དང་སེར་ཝེ་ཡཱའི་རིག་གནས་བརྗེ་རེས་ཀྱི་འཕེལ་རྒྱས་བརྒྱུད་རིམ་དང་། ཀྲུང་གོ་དང་སེར་ཝེ་ཡཱའི་དཔལ་ཡོན་གྲོས་མོལ། དེ་མིན་རྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་འོག་གི་ཀྲུང་གོ་དང་སེར་ཝེ་ཡཱའི་མི་གཞུང་བརྗེ་རེས་ཀྱི་གོ་སྐབས་གསར་བ་བཅས་ལ་གྲོས་བསྡུར་བྱས།
སེར་ཝེ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་རིག་གནས་ལས་དོན་གྱི་འགན་ཁུར་བ་ཐང་ཏཱ་ཧྲིང་གིས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ནས། རིག་གནས་བརྗེ་རེས་ནི་ཀྲུང་གོ་དང་སེར་ཝེ་ཡཱའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ཐེངས་འདིའི་གླེང་སྟེགས་གོ་སྐབས་སུ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་ཆེད་མཁས་པ་དང་རིག་མཛོད། མཐོ་རིམ་སློབ་གྲྭ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་རིག་གནས་བརྗེ་རེས་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར།
སེར་ཝེ་ཡཱའི་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་ལས་རོགས་པ་ནེ་ཁི་ལེ་ཆི་ཡིས་ཞུ་ཚིག་ཕུལ་ནས་བསྟན་དོན། རིག་གནས་བརྗེ་རེས་དེ་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པ་དང་། གླེང་སྟེགས་དེས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། མ་འོངས་པར་སྔར་ལས་ལྷག་པའི་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་འཛུགས་ཐུབ་པར་ཡིད་ཆེས་ཡོད་ཟེར།
པེ་ཨར་ཀི་ལའེ་ཏིའི་རྒྱུད་གཅིག་ལམ་གཅིག་ཞིབ་འཇུག་ཁང་གི་མགོ་བ། སེར་ཝེ་ཡཱའི་ནོའུ་ཝེ་སཱ་ཏི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལཱ་ལེ་ཆི་ཡིས་འདས་པའི་ལོ་ངོ་བཅུའི་རིང་གི་སེར་ཝེ་ཡཱ་རྒྱུད་གཅིག་ལམ་གཅིག་གྲོས་འདོན་ནང་ཞུགས་པའི་ཉམས་མྱོང་མཉམ་སྤྱོད་བྱས་པར་མ་ཟད། མ་འོངས་པར་སེར་ཝེ་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་གཞི་གྲངས་དཔལ་འབྱོར་དང་ལྷད་མེད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་རྒྱུད་གཅིག་ལམ་གཅིག་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་ཤུགས་སྣོན་བྱས་ཆོག་ཟེར།
སེར་ཝེ་ཡཱའི་ནོའུ་ཝེ་སཱ་ཏི་རིག་གནས་ལྟེ་གནས་ཀྱི་དྲ་རྒྱའི་ཀྲུའུ་རིན་ཅེ་ཨར་ཁི་ཝེ་ཆི་ཡིས་བསྟན་དོན། སེར་ཝེ་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རིག་གནས་བརྗེ་རེས་དེ་ཁྱབ་ཁོངས་གཞན་པའི་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་རྨང་གཞིར་འགྱུར་ཐུབ་པ་དང་། རྒྱུད་གཅིག་ལམ་གཅིག་གྲོས་འདོན་ནི་རྒྱལ་ཁབ་གཉིས་ཀྱི་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་ཆེས་ལེགས་པའི་སྒྲོམ་གཞི་ཡིན་ཟེར།
ཐེངས་འདིའི་གླེང་སྟེགས་ནི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་མཛུབ་སྟོན་འོག རྒྱལ་སའི་དགེ་ཐོན་སློབ་ཆེན་དང་པེ་ཨར་ཀི་ལའེ་ཏི་རྒྱུད་གཅིག་ལམ་གཅིག་ཞིབ་འཇུག་ཁང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། རྒྱལ་སའི་དགེ་ཐོན་སློབ་ཆེན་གྱི་རྒྱལ་ཁབ་གཞན་པ་དང་ས་ཁོངས་གཞན་པའི་ཞིབ་འཇུག་ཁང་གིས་སྒྲུབ་འགན་ཁུར་ཡོད། ཉིན་དེའི་བྱ་འགུལ་སྟེང་། རྒྱལ་སའི་དགེ་ཐོན་སློབ་ཆེན་དང་པེ་ཨར་ཀི་ལའེ་ཏི་རྒྱུད་གཅིག་ལམ་གཅིག་ཞིབ་འཇུག་ཁང་གིས་སོ་སོར་འབྲེལ་ཡོད་ཀྱི་མཉམ་ལས་གྲོས་མཐུན་བཀོད།
བསོད་ནམས་ཚེ་རིང་གིས་བསྒྱུར།