དབྱི་སི་རལ་གྱིས་འཐུས་ཚབ་ཚོགས་པ་ཨེ་ཅིབ་ཏུ་མངག་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས་རྒྱུ་རེད།
2024.04.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

དབྱི་སི་རལ་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་ཉེར་དགུ་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་དོན། དབྱི་སི་རལ་གྱིས་ཚེས་སུམ་ཅུ་ཉིན་ཨེ་ཅིབ་ཏུ་འཐུས་ཚབ་ཚོགས་པ་མངག་ནས། ཕཱ་ལེ་སི་ཐན་ཕྱོགས་བར་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས་རྒྱུ་ཡིན་ཟེར།

དཔོན་རིགས་དེས་བཤད་རྒྱུར། དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་དེ་གསང་འཕྲིན་སྡེ་ཁག་གི་དཔོན་རིགས་ཀྱིས་གྲུབ་ཡོད་ཟེར། ཁོས་གསར་འགོད་པར་གྲོས་མོལ་དང་འབྲེལ་བའི་བྱེ་བྲག་གི་གནས་ཚུལ་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཆ་རྐྱེན་སོགས་གསལ་བོར་བཤད་མེད།

དབྱི་སི་རལ་གྱི་ཝ་ལཱ་གསར་འགྱུར་དྲ་བས་ཚེས་ཉེར་དགུ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་ཕྱོགས་ཀྱི་གྲོས་མོལ་འཐུས་མི་ཚེས་སུམ་ཅུ་ཉིན་ཨེ་ཅིབ་ཏུ་སོང་ནས། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བར་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས་རྒྱུ་ཡིན་པ་དང་། དབྱི་སི་རལ་གྱིས་སྔར་བཞིན་ཧཱ་མཱ་སི་ཡིས་དབྱི་སི་རལ་གྱིས་དེའི་སྔོན་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་ཆ་རྐྱེན་ལ་ལན་སྟེར་བར་སྒུག་ཡོད་ཟེར།

གཞན་ཡང་དབྱི་སི་རལ་སྤྱི་བའི་རྒྱང་སྒྲོག་ཀུང་ཟིས་ཚེས་ཉེར་དགུ་ཉིན་བསྒྲགས་པ་ལྟར་ན། ཧཱ་མཱ་སིའི་འཐུས་མི་ཉིན་དེར་ཨེ་ཅིབ་ཏུ་འབྱོར་བ་དང་། དབྱི་སི་རལ་ཕྱོགས་ཀྱིས་ཧཱ་མཱ་སི་ཡིས་བཀག་འཇུག་ཐེབས་པའི་དབྱི་སི་རལ་གྱི་མི་སོ་གསུམ་ཕྱིར་བཏང་ན། དབྱི་སི་རལ་ཕྱོགས་ཀྱིས་བཀག་འཇུག་བྱས་པའི་ཕཱ་ལེ་སི་ཐན་གྱི་མི་སྟོང་འཕྲག་འགའ་ཕྱིར་གཏོང་བར་ཡིད་འཐད་བྱུང་ཡོད་ཟེར།

ཨ་རབ་ཀྱི་སྨྱན་བྱད་མང་བོས་ཚེས་ཉེར་དགུ་ཉིན་བསྒྲགས་པ་ལྟར་ན། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཁཱ་མཱེ་ལོན་གྱིས་ཉིན་དེར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་དམིགས་བསལ་གྲོས་ཚོགས་ལ་ཞུགས་སྐབས་བསྟན་དོན། ཧཱ་མཱ་སི་ལ་ཧ་ཅང་བློ་རྒྱ་ཡངས་པའི་གྲོས་གཞི་འབྱོར་ཡོད་དེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཉིན་བཞི་བཅུའི་རིང་འཁྲུག་རྩོད་མཚམས་འཇོག་པ་དང་དབྱི་སི་རལ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་གྱི་བཙོན་མ་སྟོང་ཕྲག་འགའ་ཕྱིར་གཏོང་བ། ཧཱ་མཱ་སི་ཡིས་བཀག་འཇུག་ཐེབས་པའི་དབྱི་སི་རལ་གྱི་མི་ཁ་གྲངས་ངེས་ཅན་ཕྱིར་གཏོང་བ་བཅས་འདུས་ཡོད་ཟེར།

ཧཱ་མཱ་སི་ཡིས་ཚེས་ཉེར་བདུན་ཉིན་གྱི་ཞོས་པར་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སི་ལ་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་སྐོར་གྱི་གྲོས་གཞི་འབྱོར་ཡོད་པ་དང་། མིག་སྔར་དེར་ཞིབ་འཇུག་བྱེད་བཞིན་ཡོད། དབྱི་སི་རལ་ཕྱོགས་ཀྱི་བརྙན་འཕྲིན་འཕྲིན་ལམ་བཅུ་གཉིས་ནས་བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱི་འཐུས་ཚབ་ཚོགས་པས་ཚེས་ཉེར་དྲུག་ཉིན་དབྱི་སི་རལ་བར་གྲོས་མོལ་བྱས། དབྱི་སི་རལ་ཕྱོགས་ཀྱིས་ཨེ་ཅིབ་བརྒྱུད་དེ་ཧཱ་མཱ་སི་ལ་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་རེ་བ་བརྒྱུད་སྒྲོག་བྱས་ཡོད་པར་མ་ཟད། དེ་ནི་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་ས་ངོས་འགུལ་སྐྱོད་མ་སྤེལ་གོང་གྲོས་མཐུན་འགོད་པའི་ཆེས་མཇུག་མཐའི་གོ་སྐབས་ཡིན་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།