ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་ཉེར་དགུ་ཉིན་བསྒྲགས་པ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཉིན་དེར་ཅི་ཧྥུའུ་ནས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་གྲོས་མོལ་བྱས་རྗེས་ཁྱབ་བསྒྲགས་བྱས་དོན། ཁོས་ཙེ་ལེན་སི་ཅི་ད་ལོའི་ཟླ་བདུན་པར་ཝ་ཧྲིན་ཐོན་ནས་སྤེལ་རྒྱུ་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་གདན་ཞུ་བྱས་ཡོད་ཟེར།
སི་ཐའོ་ཨར་ཐིན་པེ་ཀི་ཡིས་གྲོས་མོལ་མཇུག་སྒྲིལ་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་གྱི་བདེ་འཇགས་རྒྱབ་སྐྱོར་ལ་ཤུགས་སྣོན་པ་དང་ཝུའུ་ཁི་ལན་གྱི་དམག་མིར་སྦྱོང་བརྡར་བྱེད་པའི་འཆར་གཞིའི་ཐད་ནས་གྲོས་འཆམ་བྱུང་ཡོད་ལ། ཁོས་བལྟས་ན་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་སོ་སོས་རང་རང་ས་ནས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པ་དེ་བྱང་ཆིངས་རྩ་འཛུགས་ཀྱིས་མཉམ་འབྲེལ་སྒོས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པར་བསྒྱུར་ནས། བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་ཡུན་རིང་རང་བཞིན་དང་ཚོད་དཔག་ཐུབ་པའི་རང་བཞིན་ལ་འགན་སྲུང་བྱེད་དགོས་ཟེར།
ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། ཁོས་སི་ཐའོ་ཨར་ཐིན་པེ་ཀི་དང་མཉམ་དུ་བྱང་ཆིངས་རྩ་འཛུགས་ཀྱིས་མ་དངུལ་བཏང་ནས་ཝུའུ་ཁི་ལན་རྒྱལ་སྲུང་གི་དམིགས་བསལ་ཐེབས་རྩ་འཛུགས་པའི་དོན་ལ་གྲོས་བསྡུར་བྱས་པ་དང་། འཆར་གཞི་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱིས་ལོ་ངོ་ལྔའི་ནང་ཐེབས་རྩ་དེར་ཡོ་སྒོར་ཁྲག་ཁྲིག་གཅིག་གི་རྒྱབ་སྐྱོར་བྱེད་རྒྱུ་རེད་ཟེར། ཙེ་ལེན་སི་ཅི་ཡིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་ཉེ་སྔོན་ཁྱབ་བསྒྲགས་བྱས་པའི་དམག་དོན་རོགས་སྐྱོར་གསར་བའི་དངོས་པོ་དག་ཝུའུ་ཁི་ལན་དུ་འབྱོར་བཞིན་ཡོད་ཟེར།
ཚེས་ཉེར་དགུ་ཉིན། སི་ཐའོ་ཨར་ཐིན་པེ་ཀི་ཡིས་སྔ་མོ་ནས་ཁྱབ་བསྒྲགས་མ་བྱས་པའི་གནས་ཚུལ་འོག ཅི་ཧྥུའུ་ལ་གློ་བུར་དུ་འཚམས་འདྲི་བྱས་པ་དང་། དེ་ནི་ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་གྱུར་བའི་ཚུན་ལ། སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཐེངས་གསུམ་པར་ཝུའུ་ཁི་ལན་དུ་འཚམས་འདྲི་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།