ཅོར་ཏན་གྱི་རྒྱལ་བོས་ཅཱ་ཧྲ་ས་ཁུལ་དུ་མྱུར་མོར་འཁྲུག་རྩོད་མཚམས་འཇོག་དགོས་པའི་ཚུལ་བསྟན།
2024.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་བསྐྱར་སྒྲོག་བྱས་དོན། ངེས་པར་དུ་མྱུར་མོར་ཅཱ་ཧྲ་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་ཟེར།

ཅོར་ཏན་གྱི་རྒྱལ་བོའི་ཕོ་བྲང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ཐུག་འཕྲད་བྱེད་སྐབས། ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་ལ་དམིགས་པའི་དམག་དོན་འགུལ་སྐྱོད་གང་རུང་ལས་ཉེན་ཁའི་མཇུག་འབྲས་འབྱུང་སྲིད་པ་དང་། མིག་སྔའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་དེ་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ས་ཁུལ་སོ་སོ་དང་ཡེ་ལུའུ་སཱ་ལེམ། ཐ་ན་ས་ཁུལ་ཧྲིལ་བོར་རྒྱ་བསྐྱེད་སྲིད་པའི་ཉེན་བརྡ་བཏང་།

ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ནན་གྱིས་བསྟན་དོན། ངེས་པར་དུ་འགུལ་སྐྱོད་སྤེལ་ནས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་བཀག་འགོག་བྱེད་པ་དང་། མི་སེར་དཀྱུས་མར་སྲུང་སྐྱོབ་བྱས་ནས། མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་སྨན་བཅོས་རོགས་སྐྱོར་དངོས་རྫས་སྐྱེལ་དགོས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ལ་རྒྱབ་སྐྱོར་བྱེད་དགོས་པ་ནན་བཤད་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ། ཐ་ན་ས་ཁུལ་ཧྲིལ་བོའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐར་ལམ་ཉག་ཅིག་ཡིན་པ་བསྐྱར་སྒྲོག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།