མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དབྱི་སི་རལ་དང་ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པའི་སྐུལ་མ་བཏང་།
2024.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་སོགས་ཀྱི་གྲོས་མཐུན་འགོད་པའི་སྐུལ་མ་བཏང་།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཁོས་ནམ་རྒྱུན་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་དང་ཆ་རྐྱེན་ཅི་ཡང་མེད་པར་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བ། གཞི་རྒྱ་ཆེ་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཁ་སྣོན་བྱེད་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད་ཀྱང་། ཡིད་འཕང་བ་ཞིག་ལ་ད་ལྟའི་བར་དམིགས་འབེན་དེ་མངོན་འགྱུར་བྱུང་མེད། ད་ལྟ་གྲོས་མོལ་ཡང་བསྐྱར་སྤེལ་མགོ་བརྩམས་ཡོད་ལ། ཁོས་དབྱི་སི་རལ་སྲིད་གཞུང་དང་ཧཱ་མཱ་སིའི་མགོ་ཁྲིད་རིམ་པས་འབྲེལ་ཡོད་གྲོས་མཐུན་འགོད་པར་སྐུལ་མ་གཏོང་བཞིན་ཡོད། ཀུའུ་ཐི་ལོས་སི་ཡིས་གལ་ཏེ་གྲོས་མཐུན་འགོད་མ་ཐུབ་ན། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་དེ་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད་པའི་ཉེན་བརྡ་བཏང་།

ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་དཔུང་འཇུག་བྱེད་པར་སྔོན་འགོག་བྱེད་དགོས། ལཱ་ཧྥ་རུ་དམག་དོན་དཔུང་འཇུག་བྱས་ན་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་སྲིད་པ་དང་། མི་སེར་དཀྱུས་མ་ཁྲི་སྟོང་མང་བོར་དམར་གསོད་ཐེབས་སྲིད་ལ། མང་ཚོགས་ཁྲི་ཕྲག་མང་བོ་ཡུལ་གཞན་དུ་ཁྱམས་སྲིད། ལཱ་ཧྥ་རུ་དཔུང་འཇུག་བྱས་ན་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མིར་རྨེག་མེད་རང་བཞིན་གྱི་གནོད་པ་ཐེབས་སྲིད་ལ། ཅོར་ཏན་གཙང་བོའི་ནུབ་འགྲམ་དང་སྔར་ལས་རྒྱ་ཆེ་བའི་ས་ཁུལ་ལ་ཤུགས་རྐྱེན་ཐེབས་སྲིད་ཟེར། ཁོས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མ་དང་རྒྱལ་ཁབ་གཞན་པ་རེ་འགའི་སྲིད་གཞུང་གིས་དབྱི་སི་རལ་གྱིས་ལཱ་ཧྥ་རུ་དཔུང་འཇུག་བྱེད་པར་མངོན་གསལ་གྱིས་ངོ་རྒོལ་བྱེད་བཞིན་ཡོད་ལ། དབྱི་སི་རལ་ལ་ཤུགས་རྐྱེན་ཡོད་པའི་རྒྱལ་ཁབ་དག་གིས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་དབྱི་སི་རལ་གྱིས་ལཱ་ཧྥ་རུ་དཔུང་འཇུག་བྱེད་པར་བཀག་འགོག་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་ཅཱ་ཧྲ་ས་ཁུལ་ནས་བེམ་པོ་མང་བོ་རྙེད་པར་ཧ་ལས་པའི་ཚུལ་བསྟན་པ་དང་། ཁོས་བཤད་རྒྱུར། ཆེད་ལས་བཅའ་ཁྲིམས་སྨན་བཅོས་རྩལ་ནུས་ལྡན་པའི་རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་མྱུར་མོར་ཡུལ་དངོས་སུ་འགྲོ་རུ་བཅུག་སྟེ། ཕཱ་ལེ་སི་ཐན་གྱི་མི་བརྒྱ་ཕྲག་མང་བོའི་ཤི་རྐྱེན་ངོ་མ་ཅི་ཡིན་ངོས་ལེན་གསལ་བོ་བྱེད་དགོས། འདས་པའི་ཁྱིམ་མར་དོན་དངོས་ཤེས་རྟོགས་བྱེད་པའི་དབང་ཆ་ཡོད་ལ། འཛམ་གླིང་ཧྲིལ་བོས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་འགན་འཁྲི་རྩད་གཅོད་བྱེད་པའི་དབང་ཆ་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།