ཧེ་ཐིའི་བར་བརྒལ་ཙུང་ཐུང་ཨུ་ཡོན་ལྷན་ཁང་གིས་ཙུང་ལི་གསར་བ་དང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བསྐོ་འཇོག་བྱས།
2024.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་སྲས་གྲུ་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཧེ་ཐིའི་བར་བརྒལ་ཙུང་ཐུང་ཨུ་ཡོན་ལྷན་ཁང་གིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་ཧེ་ཐིའི་སྔོན་ཆད་ཀྱི་ལུས་རྩལ་པུའུ་ཀྲང་པེ་ལེ་ཙེ་ཨར་ཧེ་ཐིའི་ཙུང་ལིར་བསྐོ་འཇོག་བྱས་པ་དང་། དེའི་ཞོར་དུ་སྔོན་ཆད་ཀྱི་གྲོས་ཁང་གི་གྲོས་དཔོན་དང་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཧྥེ་སི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བསྐོ་འཇོག་བྱས།

ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན། ཧེ་ཐིའི་བར་བརྒལ་ཙུང་ཐུང་ཨུ་ཡོན་ལྷན་ཁང་གིས་དམ་བཅའ་བཞག་སྟེ་ལས་འགན་ཁུར། སྔོན་ཆད་ཀྱི་ཙུང་ལི་ཧིན་ལེ་ཡིས་དུས་མཉམ་དུ་ལས་སྐྱུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ཧེ་ཐིའི་སྲིད་གཞུང་གིས་དེའི་སྔོན་སྤེལ་བའི་བཅའ་ཁྲིམས་བཀའ་རྒྱ་ལྟར་ན། བར་བརྒལ་ཙུང་ཐུང་ཨུ་ཡོན་ལྷན་ཁང་གིས་དམངས་འདེམ་ཙུང་ཐུང་གིས་ལས་འགན་མ་ཁུར་གོང་གི་བར་བརྒལ་དུས་སྐབས་ནང་གནས་སྐབས་སུ་དམིགས་བསལ་གྱི་ཙུང་ཐུང་དབང་ཤུགས་ལག་བསྟར་བྱས་ཏེ། གནས་སྐབས་ཀྱི་ཙུང་ལིའི་འདེམ་བསྐོ་དང་། སྲིད་འཛིན་ལས་ཁུངས་གསར་བའི་རྩ་འཛུགས། བཅའ་ཁྲིམས་བཀའ་རྒྱར་ཆོག་མཆན་འགོད་པ། གནས་སྐབས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་བསྐོ་འཇོག་བྱེད་པ། རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་མང་བོའི་བདེ་འཇགས་རོགས་སྐྱོར་ཚོགས་པ་བཙུགས་ནས་ཧེ་ཐི་རུ་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱ་བའི་འགན་ཁུར་དགོས། བཅའ་ཁྲིམས་བཀའ་རྒྱ་ལས་ད་རུང་གཏན་འཁེལ་བྱས་དོན། དམངས་འདེམ་ཙུང་ཐུང་གིས་ཆེས་ཕྱིས་ན་ཉིས་སྟོང་ཉེར་དྲུག་ལོའི་ཟླ་གཉིས་པའི་ཚེས་བདུན་ཉིན་གྱི་སྔོན་ལ་ལས་འགན་ཁུར་དགོས་པ་རེད།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་བདུན་པའི་ཚེས་བདུན་ཉིན། ཧེ་ཐིའི་སྐབས་དེའི་ཙུང་ཐུང་མའོ་དབྱེ་ཙི་ལ་ལྐོག་གསོད་ཐེབས་ནས་གོ་གནས་དེ་སྟོང་བར་ལུས། ཧེ་ཐི་ཡིས་ད་ལོའི་ཟླ་གཉིས་པའི་ཚེས་བདུན་ཉིན་གྱི་སྔོན་ལ་འདེམ་བསྐོའི་བྱ་འགུལ་ཆེན་པོ་སྤེལ་རྒྱུ་ཐག་བཅད་ཡོད་ཀྱང་དུས་ལྟར་སྤེལ་མ་ཐུབ་པས་སྤྱི་ཚོགས་ཟང་ཟིང་གི་གནས་ཚུལ་བྱུང་བ་རེད།

ཧེ་ཐིའི་བདེ་འཇགས་གནས་བབ་ཉེ་སྔོན་བསྟུད་མར་ཇེ་སྡུག་ཏུ་སོང་། ད་ལོའི་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་ནས་བཟུང་། ནག་ཚོགས་རྩ་འཛུགས་མང་བོས་རྒྱལ་ས་རྒྱལ་སྲས་གྲུ་ཁ་ནས་སྤྱི་བའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་ཏེ། ཙུང་ལི་ཧིན་ལེ་ཡིས་དབང་ཆ་བསྐྱུར་དགོས་པའི་རེ་བ་བཏོན། ཧིན་ལེ་ཡིས་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། ཧེ་ཐིའི་སྲིད་གཞུང་གིས་བར་བརྒལ་ཙུང་ཐུང་ཨུ་ཡོན་ལྷན་ཁང་བཙུགས་རྗེས་ལས་སྐྱུར་དགོངས་ཞུ་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།