སིང་ག་ཕོར་གྱི་ཙུང་ཐུང་གིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་གྲོས་མོལ་ཇེ་ཟབ་ཏུ་གཏོང་འདོད་ཡོད་པའི་ཚུལ་བསྟན།
2024.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སིང་ག་ཕོར་གྱི་ཙུང་ཐུང་ཧྲང་ཏཱ་མན་གྱིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་བཤད་རྒྱུར། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་གྲོས་མོལ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཧྲང་ཏཱ་མན་གྱིས་ཉིན་དེར་སིང་ག་ཕོར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཚའོ་ཀྲུང་མེན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས། ཧྲང་ཏཱ་མན་གྱིས་བསྟན་དོན། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་གཞི་གྲངས་དཔལ་འབྱོར་དང་། ལྷད་མེད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ན་སིང་ག་ཕོར་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཚའོ་ཀྲུང་མེན་གྱིས་བཤད་རྒྱུར། ཀྲུང་གོ་དང་སིང་ག་ཕོར་ནི་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ནས། དེའི་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་དང་ཐ་ན་ས་ཁུལ་གྱི་མི་དམངས་ལ་ཕན་བདེ་བསྐྲུན་ཡོད། ན་ནིང་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ནས་སྤུས་ཚད་མཐོན་ཞིང་སྔོན་དཔག་རང་བཞིན་ལྡན་པའི་གྲོགས་པོའི་འབྲེལ་བར་མཐོར་འདེགས་བྱས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱས་ཏེ། ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།