ཨེ་ཅིབ་དང་ཁཱ་ཐར་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཇུག་སྒྲིལ་བའི་ཐད་མཉམ་དུ་འབད་འབུངས་བྱེད་རྒྱུའི་ཚུལ་བསྟན།
2024.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཇུལ་སྒྲིལ་བའི་ཐད་མཉམ་དུ་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པར་ཁ་པར་གྲོས་མོལ་བྱེད་སྐབས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཕན་ཚུན་གྱི་བཀག་འཇུག་མི་སྣ་ཕྱིར་གཏོང་བར་སྐུལ་འདེད་གཏོང་བ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་འདང་ཚིམས་པ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་འགན་སྲུང་བྱེད་པའི་ཐད་གྲུབ་འབྲས་གསར་བ་ཐོབ་པར་བྱེད་པར་གྲོས་བསྡུར་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕྱོགས་སོ་སོའི་བར་འབྲེལ་འདྲིས་བྱས་ནས་འཁྲུག་རྩོད་མཇུག་སྒྲིལ་དུ་འཇུག་པ་དང་། ས་ཁུལ་གྱི་འཁྲུག་རྩོད་དེའི་གནོད་པ་སྔར་ལས་ཇེ་ཆེར་འགྲོ་བར་སྔོན་འགོག་བྱས་ནས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་སླར་གསོ་བྱེད་དགོས་ཟེར།

ད་ལོའི་ཟླ་དང་པོའི་ཚུན་ལ། དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་སྐུལ་འདེད་གཏོང་ཆེད། ཨེ་ཅིབ་དང་ཁཱ་ཐར། ཨ་མེ་རི་ཁ་བཅས་ཀྱིས་གྲོས་མོལ་ཐེངས་འགའ་རྩ་འཛུགས་བྱས། ཧཱ་མཱ་སི་དང་དབྱི་སི་རལ་གྱིས་ཐད་ཀར་གྲོས་མོལ་བྱེད་པར་ཁས་ལེན་མ་བྱས་པས་ཨེ་ཅིབ་དང་ཁཱ་ཐར་གྱིས་ཕྱོགས་གཉིས་བར་སྐད་འཁྱེར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།