མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྱིག་ཤོག་སྦགས་བཙོག་བཅོས་སྐྱོང་བྱེད་པའི་སྐོར་ཐེངས་གསར་བའི་གྲོས་མོལ་མཇུག་སྒྲིལ།
2024.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚོགས་ཡུན་གཟའ་འཁོར་གཅིག་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྱིག་ཤོག་སྦགས་བཙོག་བཅོས་སྐྱོང་བྱེད་པའི་སྐོར་ཐེངས་གསར་བའི་གྲོས་མོལ་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་ཞོགས་པར་ཁཱ་ནཱ་ཏཱའི་རྒྱལ་ས་བོ་ཐེ་ཧྭ་ནས་མཇུག་སྒྲིལ།

ཐེངས་འདིའི་གྲོས་མོལ་ནི་བཅའ་ཁྲིམས་ཀྱི་ཚོད་འཛིན་ནུས་པ་ལྡན་པའི་འགྱིག་ཤོག་སྦགས་བཙོག་གི་རྒྱལ་སྤྱིའི་ཡིག་ཆ་ཞིག་གཏན་འབེབས་བྱེད་པར་དམིགས་པའི་སྲིད་གཞུང་བར་གྱི་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐབས་བཞི་བ་ཡིན་པ་དང་། ཨུ་ཡོན་ལྷན་ཁང་དེས་ད་ལོའི་ལོ་མཇུག་གི་སྔོན་ལ་འགྱིག་ཤོག་སྦགས་བཙོག་བཅོས་སྐྱོང་བྱེད་པའི་འཛམ་གླིང་ཡོངས་ཀྱི་གྲོས་མཐུན་ཞིག་འགོད་པར་རེ་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་བདུན་ཅུ་དང་ལྟ་ཞིབ་པ་བཞི་བརྒྱ་དང་བརྒྱད་ཅུས་རྩ་འཛུགས་བྱས་པའི་འཐུས་མི་སྟོང་གཉིས་དང་ལྔ་བརྒྱ་ལྷག་ཐེངས་འདིའི་གྲོས་མོལ་ལ་ཞུགས།

ཀྲུང་གོའི་འཐུས་ཚབ་ཚོགས་པས་ཚོགས་འདུ་གྲོལ་རྗེས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ལ་ཕྱོགས་སོ་སོའི་མཐོང་ཆེན་ཐོབ་ཡོད་པ་དང་། ཉིན་བདུན་རིང་གྲོས་མོལ་བྱས་པ་བརྒྱུད། ཕྱོགས་སོ་སོས་ཚོགས་འདུའི་སྔོན་གྱི་གྲོས་གཞིའི་རྨང་གཞིའི་སྟེང་། སྔར་ལས་ལྷག་པའི་སྒོ་ནས་བསམ་འཆར་ཁ་གསབ་བྱས་ནས་གྲོས་གཞིའི་བཟོ་བཅོས་ཐད་གྲུབ་འབྲས་ངེས་ཅན་བླངས་ཡོད་ཀྱང་སྔར་བཞིན་འགལ་བ་ཆེན་པོ་གནས་ཡོད། ད་ལོའི་ལོ་མཇུག་གི་སྔོན་ལ་ཚད་བཀག་རང་བཞིན་གྱི་རྒྱལ་སྤྱིའི་གྲོས་མཐུན་འགོད་པའི་ལས་འགན་མངོན་འགྱུར་བྱེད་པར་དཀའ་ཚེགས་ཧ་ཅང་ཆེ་བ་དང་། ཕྱོགས་སོ་སོས་འགྱིག་ཤོག་སྦགས་བཙོག་གི་གནད་དོན་གཙོ་བོ་གནད་དུ་བཟུང་ནས་རྒྱལ་ཁབ་སོ་སོའི་གནས་ཚུལ་དང་ནུས་པར་བརྩི་འཇོག་གང་ལེགས་བྱས་ཐོག མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ་མཉམ་དུ་སྐུལ་འདེད་གཏོང་དགོས།

ཀྲུང་གོའི་འཐུས་ཚབ་ཚོགས་པས་བསྟན་དོན། གྲོས་ཚོགས་ནས་ཚོགས་འདུའི་བར་གྱི་བྱ་བའི་བཀོད་སྒྲིག་གི་ཆོད་དོན་དང་བཅའ་ཁྲིམས་འཆར་ཟིན་རྩོམ་འབྲིའི་ཚན་ཆུང་འཛུགས་པའི་ཆོད་དོན་ལ་གྲོས་འཆམ་བྱུང་བ་ནི་ཐེངས་འདིའི་གྲོས་ཚོགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་འཛུགས་སྐྲུན་རང་བཞིན་ལྡན་པའི་རྣམ་འགྱུར་གྱིས་གྲོས་མོལ་ལ་ཞུགས་ནས། གྲོས་གཞི་སོ་སོར་ཀྲུང་གོའི་ཇུས་གཞི་བཏོན་པ་དང་། གྲོས་ཚོགས་སྐབས་སུ་ཧུར་ཐག་སྒོས་ཚོགས་ཆེན་གྱི་ཀྲུའུ་ཞི་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ། དར་རྒྱས་ཆེ་བའི་རྒྱལ་ཁབ་བཅས་ཀྱི་བར་ལངས་ཕྱོགས་མཐུན་སྦྱོར་བྱས་ནས་རྒྱུས་ལོན་ཇེ་ཟབ་ཏུ་བཏང་། ཚོགས་འདུའི་སྐབས་ཀྱི་བྱ་བའི་གྲོས་གཞི་གལ་ཆེན་ཐད་ནས། ཁོངས་གཏོགས་རྒྱལ་ཁབ་གཙོ་བོའི་བར་ཇུས་གཞི་མཐུན་སྦྱོར་བྱས་ཏེ་འགལ་བ་ཁ་གསབ་བྱེད་པར་སྐུལ་འདེད་བྱས་ཐོག་གཅིག་གྱུར་གྲོས་མཐུན་བྱུང་ཡོད་ཟེར།

ཀྲུང་གོའི་འཐུས་ཚབ་ཚོགས་པས་བསྟན་དོན། གྲོས་ཚོགས་སྐབས་ཀྱི་བྱ་བའི་ཚན་ཆུང་བཙུགས་ནས། གྲོས་མོལ་ཨུ་ཡོན་ལྷན་ཁང་གི་ཐེངས་རྗེས་མའི་གྲོས་མོལ་ལ་ཆ་འཕྲིན་དང་ཐབས་ཇུས་ཀྱི་གཞོགས་འདེགས་གལ་ཆེན་འདོན་སྤྲོད་བྱས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་ཨན་ནོའུ་ཧྲིང་གིས་ཚོགས་ཐོག་ནས་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ད་ལོའི་ལོ་མཇུག་གི་ཆེས་མཇུག་མཐའི་གྲོས་མོལ་ཡུན་ཚད་ནང་གི་ཟླ་ངོ་འགའི་ནང་མུ་མཐུད་དུ་ཁས་ལེན་དམ་བཅའ་བྱེད་པ་དང་བབ་བསྟུན་གྱི་རྣམ་པ་མངོན་པར་བྱས་ནས་ཆེས་ཆེ་བའི་གྲུབ་འབྲས་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

སྐབས་ལྔ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་གྱི་རྗེས་མཐུད་གྲོས་ཚོགས་ནས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་གསུམ་པར་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་འགྱིག་ཤོག་གི་སྦགས་བཙོག་མེད་པར་གཏོང་བའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་། གྲོས་ཆོད་ལས་བསྟན་དོན། སྲིད་གཞུང་བར་གྱི་གྲོས་མོལ་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས། ཉིས་སྟོང་ཉེར་བཞི་ལོའི་བར་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཚད་བཀག་རང་བཞིན་ལྡན་པའི་གྲོས་མཐུན་ཞིག་བཀོད་དེ། འགྱིག་ཤོག་ཐོན་རྫས་ཀྱི་ཐོན་སྐྱེད་དང་ཇུས་འགོད། ཕྱིར་བསྡུ། ཐག་གཅོད་སོགས་ལ་འབྲེལ་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།